ཞུ་མཆིད་ཚངས་པའི་དུང་སྒྲ།

        2019-12-27

སྙིང་རྗེའི་སྤྲིན་དཀར་གཡོ་བའི་བ་གམ་འོག།

འགྲོ་ཕན་བདུད་རྩིའི་སྦྲང་ཆར་འབེབ་མཁས་པའི།།

མཚན་ཙམ་བརྗོད་པའི་ཉོན་མོངས་ཞི་མཛད་པའི།།

དཔལ་ལྡན་དོན་གཉིས་བདག་པོ་ཀུན་ཏུ་བསྔགས།།

ཡིད་འཕྲོག་མཛེས་པའི་སྐུ་ཡི་མཚན་དཔེ་ཡིས།།

ས་གསུམ་སྐྱེ་བོའི་ཚོགས་རྣམས་སྡུད་པའི་མགོན།།

སོར་བཅུ་པད་དཀར་སྙིམ་པའི་མེ་ཏོག་ཚལ།།

འགྲོ་བློའི་མིག་འབྱེད་ཐུབ་དབང་རྒྱལ་བའི་སྲས།།

བདེ་ཆེན་འཁོར་ལོའི་པདྨའི་རྩ་འདབས་སུ།།

དོན་ཟབ་ཐེག་དགུའི་གནད་ལ་དབང་འབྱོར་བའི།།

མཚུངས་མེད་དབེན་པའི་དྲང་སྲོང་ཞབས་སེན་ལ།།

མི་ཕྱེད་དད་པའི་མགོ་བོས་བཏུད་པར་བྱ།།

ཕས་རྒོལ་སྙིང་རྩ་འདར་བའི་ཤེས་རབ་མདའ།།

གཞུང་བརྒྱའི་ཐང་ཆེན་འབེན་ལ་ཕོགས་པ་ཡིས།།

ལེགས་བཤད་སྙིང་ཁུ་སྦྲུམ་པའི་ཆོས་རབ་བྱེད།།

གཏན་དུ་སྦར་བའི་བཀྲ་ཤིས་དགེ་མཚན་འཁྱིལ།།

ཐུགས་བསྐྱེད་སྲིད་པའི་བཅོ་ལྔའི་ཟླ་འཆར་བས།།

རྣམ་རྟོག་བདུད་ཀྱི་སྒྱུ་ཐབས་མ་རུང་པར།།

ཞེན་ལོག་ཤེས་རབ་མིག་ནི་ཕྱེ་བ་ཡི།།

བསོད་ནམས་མཐོ་བའི་དགེ་ལེགས་ཆར་ཆེན་ཕབས།།

བསྟན་པའི་བ་དན་སྲིད་ན་འཕྱར་བ་ཡི།།

ཕན་བདེའི་གཏེར་མཛོད་འཆང་བའི་དྲང་སྲོང་དེ།།

བསུང་ཞིམ་དྲི་ངད་འཕུར་བའི་ནགས་སུལ་ནས།།

ཞི་དུལ་པད་མོ་འཁྲུངས་ཀྱིན་ད་ཚུར་བྱོན།།

སྙན་ཚིག་རིག་བྱེད་རི་སུལ་དིང་གླིང་གང་།།

འདོད་རྒུའི་ཡོན་ཆབ་ཟོལ་དུ་ཁྱེད་ཕུལ་ན།།

ཚོགས་གཉིས་རིན་ཆེན་ནོར་བུ་སྤུངས་པ་ཡི།།

བསོད་ནམས་ཤིས་པའི་མེ་ཏོག་བདག་ལ་སྩོལ།།

               ༼  རོལ་སྐུད། ༽


  • ལེ་ཚན་སྔོན་མ།:བསྟོད་ཚིག་ཀ་ལ་པིང་ཀ (ཞར་བཀོད་གཅིག)
  • ལེ་ཚན་རྗེས་མ།:སྟོན་མཇུག་གི་འདས་མ་ཞིག་ལ་བྲིས།