གོ་འཛོལ། ཞར་བཀོད་གཉིས།

        2019-12-18

ལམ་ཁ་དེ་ནས་ང་ཐེངས་ཤིག་ལ་འཆི་སོང་།

འཆི་བ་ཁོ་ནས།

ང་ཡི་ཚོད་ཚད་ལ་སྡོམ་ཚིག་བཞག

ང་ནམ་ཡང་མཆི་བའི་ཚུར་རོལ་ཏུ་ལོག་འདོད་

མ་བྱུང་།


ཚེ་ཚེ་རབས་རབས་སུ།

མིག་གཉིས་ཞར་སོང་ན་ཅི་མ་རུང་།

རྣ་བ་གཉིས་འོན་སོང་ན་ཅི་མ་རུང་།

ང་རང་ད་དུང་།

ཐེངས་ཤིག་ལ་འདི་ལྟར་འཆི་བར་རབ་ཏུ་དཀའ།


མེ་རུ་འབར་བའི་ཕྱེ་མ་ལེབ།

ང་ལ་གཤོག་འགྱུར་གྱི་གར་སྟབས་མ་ངོམ།

བྱེ་ཐང་ཁོ་ནས།

ང་ཡི་ཡོད་ཚད་ཀྱི་ཚབ་བྱེད་ཐུབ་ཀྱིན་ཡོད།


    བུད་མེད།

ལག་པའི་ནང་གི་མེ་ཏོག་གི་འདབ་མ།

ངའི་སྙིམ་པ་ནས་བཞད་དུ་བཅུག

མིག་ནང་གི་སེམས་ཀྱིས།

ང་ཡི་སྐྱེ་བ་གསུམ་ལ་དྲན་གདུང་ཁོ་ནའི་རྡོ་བ་སྤུངས།


བུད་སོང་བ་ཐམས་ཅད།

མཆུ་སྒྲོས་ཀྱི་ཐག་སྣེ་ནས་ཕྱིར་དྲུད་འོང་།


འགྲོ་བཞིན་པ་ཐམས་ཅད་ཀྱི་རྡོག་པ།

བྱང་ཐང་ལྟ་བུའི།

ངའི་སེམས་པ་ལས་རིང་དུ་ཁྱེར།


ང་རང་ཚ་བའི་དུས་སུ།

རླུང་བུ་བཞིན་ཁོ་མོར་དགའ།

ང་རང་གྲང་བའི་དུས་སུ།

ཉི་འོད་ལྟ་བུ་ཁོ་མོར་དུངས།


ཁོ་མོས་ཉེ་ས་ཉེ་ས་ནས།

ཆེས་རིང་བའི་རྨི་ལམ་གྱི་རབ་ཁ་ནས་ང་ཁོ་ནར་སྒུག


ལམ་དཀར།  ལམ་དཀར།

རྒྱང་རིང་ནི།

ཁྱོད་ཀྱི་གཤོག་པ་རྐྱོང་སའི་བར་སྣང་ཡིན།

རྒྱང་རིང་ནི།

ཁྱོད་ཀྱི་མགྲིན་པའི་གླུ་དབྱངས་ལ་འདྲེས་འདུག


མེ་ཏོག་དང་ལུ་གུ།

ཁྱོད་ཀྱི་ད་ལྟ་དང་མ་འོངས་པ་ཡིན་ན།

འཚོ་བའི་དར་ལྕོག་སྟེང་གི་ཡིག་འབྲུ།

ཁྱོད་ཀྱི་ལག་པ་གཉིས་ཀས་དལ་མོར་ལེན་

རོགས་གནོངས།


གྲོང་ཁྱེར་ནི་མེ་ཕུང་ཞིག་མིན་ནའང་།

ཨ་ཕའི་མིག་ཟུང་དང་ཨ་མའི་ཡ་ཆུང་དྲུད་པའི།

མང་པོ་ཞིག་གྲོང་ཁྱེར་ནས་འཚིག་གིན་འདུག

བསུར་དྲི་ཁ་བོ་ཞིག

མཐོ་སྒང་གི་ནམ་མཁའ་དང་འདྲེས།  

ཨུམ་ཨུམ་་་་་


ང་ཡི་སྲིང་ཆུང་།

ཆ་མེད་པའི་མི་ཚོགས་ཀྱིས་ཁྱོད་རང་།

ལམ་བུ་མ་བརྙེད་པའི་བུས་པ་མགོ་འཁོར་ཞིག་

ལ་བལྟས་ཀྱང་།

ཁྱོད་ཀྱི་རྒྱང་རིང་།

ཁྱོད་རང་ཉིད་ལས་གང་ལའང་འབྲེལ་བ་མེད།

ལམ་དཀར།

             ༼  བཙན་མི། ༽  


  • ལེ་ཚན་སྔོན་མ།:བསྟོད་ཚིག་འབྲོག་གླུའི་རང་སྒྲ།
  • ལེ་ཚན་རྗེས་མ།:ཀ་ཕྲེང་ངག་རིག་འཁོར་ལོ།