མཚན་མོར་སྙན་ངག་གི་ངག་སྒོ་ཕྱེས།

ན་ཟུག        2019-11-20

ཁ་བའི་འདབ་མ་སེམས་སུ་ཞུ་སྟངས་དེ།།

སྙིང་གི་ཟླ་བ་ལྷ་མོ་དགོད་སྟངས་ཡིན།།

ང་ཡི་སྣང་བ་ཕྱི་རོལ་འཕྲོ་བ་ན། །

མཚན་མོ་དེ་རུ་སྙན་ངག་ཚོམས་བུ་འཁྲིགས།།


ལྷིང་འཇགས་རི་སུལ་དེ་རུ་གནས་ཚང་བཅའ།།

སྙིང་གི་ངོས་ལ་གསང་ཚིག་ཐར་ཐོར་བྲིས།།

སྐྱེ་བ་འདི་ཡི་ཚེ་མཇུག་རྟོད་ཕུར་བཏགས།།

ང་ཡི་སེམས་ཀྱི་རྟ་ཕོ་གང་དུ་བརྒྱུགས།།


ཡིད་ཀྱི་མེ་ལོང་གཡའ་དག་མ་ཡིན་ཀྱང་།།

ནམ་ཟླ་སྟོན་མཇུག་ཚེས་པའི་འཚེར་སྣང་འཆར།།

དགུན་གཞུང་ཐང་ཆེན་འགྲིམ་པའི་རྟ་པ་ཞིག།

ཁ་བའི་གངས་དྲོད་ཅིག་ནས་གཉིད་དུ་ཡུར།།


ལོ་རྒྱུས་ཤོག་ལྷེ་མཐིལ་ན་ཁྱོད་ཉིད་བྲིས།།

བྲིས་པའི་མཐའ་རུ་ཡང་ནས་ཡང་དུ་བྲིས།།

འཇིག་རྟེན་འདི་ནས་ཁྱེད་རང་བྲིས་ཚར་བའི།།

སྣང་བའི་ཉམས་དེ་ང་རང་འཆི་ལྟས་དངོས།།


སྐར་མ་སྨིན་དྲུག་མིག་ཆུའི་མཚོ་ཁར་བབས།།

མཚོ་མོའི་ཁ་རུ་ངང་ཆུང་ལྷོད་ཀྱིས་ཡན།།

ཆུ་སྐྱེས་པདྨའི་ཁ་དོག་མ་གསལ་ཡང་།།

དོན་དམ་ཟླ་འོད་མོག་མོག་ཡིན་པས་ལན།།

ཁ་ཡིག་བོར་བའི་བརྩེ་གླུ་སྙན་མོ་ཞིག།

རི་སུལ་གན་ནས་དོ་དགོང་གྲག་གིན་གདའ།།

བྱམས་པ་རྒྱང་རིང་ཡུལ་ནས་དྲན་དྲགས་པས།།

གླུ་དེ་བརྩེ་གླུ་ཡིན་སྣང་གཞི་ནས་མེད།།


མཚན་ལྗོངས་འདི་ཡི་དབེན་འཇགས་ལུང་པ་རུ།།

གཉིད་ཐུན་ཐེངས་ཅིག་ཆོག་པའི་གནང་བ་ཞུ།།

ངལ་དུབ་མུན་པ་ལས་ཀྱང་ཚབ་ཆེ་བྱུང་།།

རྨི་ལམ་ཆར་ཟིམ་འདྲ་ཞིག་དབབ་ལ་བསྒུག།


ཟླ་བའི་འོད་ཟེར་མིག་གི་མདངས་སུ་འདྲེས།།

ངག་མི་འཁྲོལ་བའི་ལོ་ཟླ་ཧྲིལ་བོ་འགོར།།

དབྱངས་ཅན་ཟླ་མཚན་བསིལ་བའི་འགྲམ་ངོགས་སུ།།

ཚེ་མཇུག་འདི་ཀ་སྐྱོང་ལ་རེ་སྒུག་བྱས།།


དགའ་སྐྱོའི་རྒྱུད་སྐུད་དཀྲོལ་བའི་གཞས་པ་ངས།།

ཚོར་བའི་ནས་ཆང་མཆོད་པའི་ཆང་གཞས་བླངས།།

མི་ཚེ་ཆང་ཁང་འདི་ལ་ཅི་ཡང་ཆོག །

དྲན་པའི་བཟི་ཁ་ཉིན་རེར་ཇེ་བཙན་སོང་།།


བརྩེ་བའི་རི་མོ་བྲི་ན་གང་དུ་འབྲི།།

ཚངས་དབྱངས་རྒྱ་མཚོའི་དངུལ་གཟན་ངོས་ལ་འབྲི།།

ཕྱག་གི་ཡིག་འཕྲིན་སྐྱིད་ཆུའི་གཞུང་ལ་བསྐུར།།

འཕྲིན་ཡིག་ཉེ་སར་འབྱོར་ན་བརྡ་ཞིག་ཐོངས།།


  • ལེ་ཚན་སྔོན་མ།:བྱ་ཁྱུས་དཀྲུགས་པའི་སྤྲིན་དཀར།
  • ལེ་ཚན་རྗེས་མ།:དགའ་ལྡན་ནས་ལུས་པའི་ཤཱཀྱའི་དགེ་སློང་།