ཉན་ཤུལ་འཇམ་དབྱངས་གྲགས་པ་མཆོག་གི་སྐུ་ཚེའི་མཐའ་མའི་གསུང་རྩོམ་ཞིག

ཉན་ཤུལ་འཇམ་དབྱངས་གྲགས་པས་བརྩམས།​        2019-11-11

ཉན་ཤུལ་འཇམ་དབྱངས་གྲགས་པ་མཆོག་གི་སྐུ་ཚེའི་མཐའ་མའི་གསུང་རྩོམ་ཞིག
    ཉེ་བའི་ཆར་སྨྲ་བའི་སེང་ཆེན་དུ་གྲགས་པའི་མཁས་པའི་དབང་པོ་ཉན་ཤུལ་འཇམ་དབྱངས་གྲགས་པ་མཆོག་སྐུ་ཞི་བར་གཤེགས་པས་མགོན་པོ་གང་གི་རྗེས་འཇུག་གི་གདུལ་བྱ་དང་སློབ་འབངས་ཡོངས་ལ་ཚད་མེད་ཀྱི་མྱ་ངན་དང་གདུང་བས་གཟིར་ཡོད་པ་དང་། བོད་ཡུལ་གྱི་ས་ཆ་སྟོད་སྨད་བར་གསུམ་ནས་ཁོང་ཉིད་ཞིང་གཞན་དུ་གཤེགས་པར་གདུང་སེམས་མཉམ་བསྐྱེད་དང་རྗེས་དྲན་གྱི་མྱ་ངན་རབ་དང་རིམ་པ་ཞུས་ཡོད་ལ། འདི་དག་ནི་དམ་པ་གང་ཉིད་སྐུ་འཚོ་བཞེས་སྐབས་སུ་བོད་ལ་ལུགས་གཉིས་ཐད་ཀྱི་མཛད་རྗེས་རབ་ཏུ་ཆེ་བས་སྐུ་ཞི་བར་གཤེགས་པར་གྱོང་གུན་ཤིན་ཏུ་ཆེ་ཞིང་གདུང་འབོད་ཤུགས་དྲགས་མཚོན་པའི་ཚུལ་ཞིག་ཅི་ལ་མིན། དེ་ལ་འདི་ག་རྩོམ་སྒྲིག་ཁང་གིས་ཀྱང་དམ་པ་གང་ཉིད་སྐུ་ཚེའི་འཕེན་པ་རྫོགས་ཏེ་ཞིང་གཞན་བརྗེས་པའི་ངང་ཚུལ་འདི་ནི་བོད་ཀྱི་ཆོས་རིག་གང་གི་ཐད་དུའང་གྱོང་གུན་རབ་ཏུ་ཆེ་བས་དམ་པ་གང་ཉིད་དྲན་པའི་གདུང་བ་ཆེ་ཚུལ་དུ་ཁམས་ཀྱི་གཟའ་འཇུག་ཚགས་པར་དང་ཁམས་ཀྱི་དྲ་བ། འཕྲིན་སྟེགས་བཅས་ནས་དམ་པ་གང་ལ་རྗེས་དྲན་ཆེད་བསྒྲིགས་བྱས་ཡོད་ལ། འདིས་ཀྱང་དམ་པ་མཆོག་ཉིད་ཀྱི་དགེ་བའི་མཛད་འཕྲིན་བཟང་པོའི་སྐུ་དྲིན་མཚོན་བྱེད་ཙམ་དང་ཁོང་གི་ས་ལམ་དཀར་པོར་བར་ཆད་མི་འབྱུང་བའི་རྒྱུ་རུ་གྱུར་ཅིག་གུ།

     འཕྲིན་སྟེགས་འདི་རུ་ད་སྔོན་ཀློག་པ་པོ་གང་གིས་ཀྱང་མཇལ་མྱོང་མེད་པའི་དམ་པ་ཁོང་གི་སྐུ་ཚེའི་མཇུག་ཙམ་དུ་མཛད་པའི༼འཇིག་རྟེན་གྱི་འགལ་འདུ༽ཞེས་པའི་ཤོ་ལོ་ཀ་མཚན་བཟང་གི་གྲངས་ལྡན་གྱི་གསུང་རྩོམ་འདི་ཉིད་ཀློག་པ་ཡོངས་ཀྱི་སྤྱན་སྔར་ཕུལ་བ་ཡིན་ལ། འདི་ནི་དམ་པ་ཁོང་གིས་སྐུ་ཚེ་ཡི་ཆེས་མཇུག་མཐར་མཛད་པའི་སྲོལ་རྒྱུན་སྙན་ངག་དེའང་ཡིན་སྲིད་པས་འདི་ལ་བླ་མེད་ཀྱི་རིན་ཐང་དང་ངོ་མཚར་བའི་བརྗོད་དོན། ཕུན་སུམ་ཚོགས་པའི་ཚིག་སྦྱོར་བཅས་ཀུན་ནས་ཚང་ཡོད་པས་ཕྱི་རབས་སྐལ་ལྡན་གདུལ་བྱ་དག་ལ་བཞག་པའི་ཞལ་ཆེམས་དྲི་མ་དང་བྲལ་བ་དེའོ།།


འཇིག་རྟེན་གྱི་འགལ་འདུ།


ཉན་ཤུལ་འཇམ་དབྱངས་གྲགས་པས་བརྩམས།

          ༡

ཐོས་པ་མེད་ན་བླང་དོར་གནད་མི་ཤེས།།

ཐོས་པ་ཤེས་འགའ་ང་རྒྱལ་ཆོམ་པོར་ཤོར།།

ཐོས་པས་རང་རྒྱུད་གྲོལ་བར་མ་གྱུར་ན།།

ཐོས་པ་རང་མགོ་གཅོག་པའི་ཐོ་བར་འགྱུར།།

          ༢

འབྱོར་པ་མེད་པའི་མི་ལ་ཀུན་གྱིས་བརྙས།།

འབྱོར་ལྡན་རྒྱུ་ལ་ཀུན་གྱིས་ཟ་རྔམས་སྐྱེ།།

འབྱོར་པ་ལྡན་དེས་རྒྱུ་ནོར་གསོག་པ་ལས།།

བསྲུང་བར་དགའ་བའི་གནད་འདི་མ་ཤེས་ནོངས།།

          ༣

གཞན་ལ་འཆད་པའི་སྨྲ་ལྕེ་རྣོ་ན་ཡང་།།

ལག་ལེན་འབྲས་བུ་ཉིན་སྐར་ལྟར་མཐོང་ཚེ།།

ཤེས་ལྡན་སུ་ཞིག་དེ་ལ་ཡིད་ཆེས་བྱེད།།

གཏམ་དེ་ནེ་ཙོའི་མ་ཎིར་མ་གྱུར་ཏམ།།

          ༤

བཤད་རྒྱུ་མེད་ན་ཀུན་གྱིས་དམན་སྡང་བྱེད།།

བཤད་རྒྱུ་མང་ན་ཀུན་གྱི་རྣ་བར་གཟན།།

བཤད་རྒྱུ་ཡོད་མེད་ཀུན་གྱིས་མདོ་དོན་གཏམ།།

ཆགས་སྡང་བདག་བསྟོད་གཞན་སྨོད་ཁོ་ནའོ།།

          ༥

ཀུན་གྱིས་རྒྱལ་ཁ་རང་ལ་ཐོབ་འདོད་ཀྱང་།།

དེ་ཡི་རྒྱུ་རྐྱེན་སྐྲུན་ཐབས་མ་མཁས་པས།།

མཐར་ཐུག་ཕམ་ཁ་རང་ལ་འཁོར་གྱུར་ཏེ།།

མི་ནོར་གཉིས་ཀ་བརླགས་པ་དག་ལ་ལྟོས།།

          ༦

གཙང་དང་བཙོག་ཅེས་ཀུན་ལ་གྲགས་མོད་ཀྱང་།།

ཕྱི་རོལ་རྣམ་པ་ཙམ་ལ་ངོས་འཛིན་ལས།།

དོན་གྱི་གཙང་བཙོག་ཤེས་པ་སྲིད་པ་འདིར།།

རེ་འགའ་ཙམ་ལས་མཐོང་དུ་མེད་པ་ཅི།།

           ༧

བཟའ་བཅའ་བཏུང་བ་དཀོན་དུས་བཀྲེས་པས་མནར།།

ཟས་རིགས་སྣ་ཚོགས་འབྱོར་དུས་ན་ཚས་མནར།།

དུས་དང་རྒྱུན་དུ་ལུས་སེམས་སྡུག་གིས་མནར།།

མནར་བའི་དུས་ཀྱིས་མི་གཏོང་རྒྱུ་རྐྱེན་ཅི།།

          ༨

མ་དྲིས་ཚེ་ན་གཏམ་གྱི་དབྱར་རྔ་སྒྲོགས།།

གལ་ལ་ཐུག་དུས་དྲི་བ་བྱས་པའི་ཚེ།།

རྐུན་པོ་གནམ་དུ་བཏགས་པའི་ངང་ཚུལ་ལས།།

ཚད་མར་ངེས་པའི་གཏམ་ལན་མེད་འདི་ཅི།།

         ༩

མེད་ལ་ཡོད་པར་སྨྲ་བའི་སྒྲོ་བཏགས་དང་།།

ཡོད་པ་མེད་པར་སྒྲོག་པའི་བསྐུར་འདེབས་གཉིས།།

གཏམ་གྱི་ཚད་ལས་བརྒལ་བའི་འུད་སྒྲོག་འདིས།།

གདོང་དམར་བྷོ་ཊའི་རིགས་ཀྱི་གཤིས་ཁམས་མཚོན།།

        ༡༠

སྐད་ཡིག་གཉིས་ནི་རིགས་ཀྱི་སྲོག་རྩ་སྟེ།།

དེ་ལ་བརྟེན་ནས་གཤིས་དང་སེམས་ཁམས་སྨིན།།

ལྡབ་ལྡིབ་གཞན་གྱི་གཡམ་རྒྱུག་བྱས་པ་འདིས།།

རིགས་ཀྱི་ཞིང་ས་གྲམ་པར་བསྒྱུར་བ་བཞིན།།

        ༡༡

ཁྲེལ་དང་ངོ་ཚ་ཤེས་ན་མི་ཆོས་དང་།།

རྒྱུ་འབྲས་བླང་དོར་ཤེས་ན་ལྷ་ཆོས་ཟེར།།

དེ་གཉིས་ལྡན་ན་མི་ལུས་རིན་ཆེན་ཡིན།།

བཟའ་བཏུང་དོན་གཉེར་དུད་འགྲོ་ཡིས་ཀྱང་ཤེས།།

        ༡༢

དུས་བཞིའི་བསིལ་དྲོད་སྙོམ་མིན་ཕྱི་ཡི་རྐྱེན།།

ཟས་གོས་རང་གི་འདུ་བའི་ནད་ཀྱི་རྐྱེན།།

གང་ལ་གང་འོས་དེ་དང་བསྟུན་མཁས་ན།།

འཚོ་བའི་འཕྲོད་བསྟེན་ལ་མཁས་སྐྱིད་ཅིང་བདེ།།

        ༡༣

ཨ་གསར་ངོ་དགའི་གཏམ་ལ་བདེན་པར་བཟུང་།།

བསམ་བཟང་སྐྱོན་མཚང་བརྗོད་ལ་ཁོང་ནས་འཁྲུགས།།

བླང་དོར་གོ་བ་ལྡོག་པའི་ངན་འབྲས་དེ།།

ཤེས་དུས་འགྱོད་ཀྱང་ཕྱི་རུ་ལྡོག་ཐབས་བྲལ།།

        ༡༤

མ་བསྐུལ་གཞན་ལ་འཆར་འགོད་བྱེད་མཁས་མང་།།

རང་གི་མདུན་གྱི་ལམ་བུ་ཕྲ་མོ་དེ།།

འཚོལ་བའི་འགག་འཕྲང་བརྒལ་བར་མི་ནུས་ན།།

འཆར་འགོད་རྣམས་ནི་བྲག་ཆའི་སྒྲ་མིན་ནམ།།

        ༡༥

ཁ་བཤད་ཚིག་གི་འཇའ་ཚོན་འབྲི་མཁས་ཀྱང་།།

བདེན་དོན་ལག་ལེན་འཁྱོལ་བ་ཉིན་སྐར་ཙམ།།

མ་བརྟགས་མ་དཔྱད་གྱ་ཚོམ་ཞུགས་པའི་འབྲས།།

རང་གཞན་ཕུང་ལ་སྦྱར་བའི་ལོ་རྒྱུས་མང་།།

        ༡༦

ཕ་མས་ཕྲུ་གུ་སྐྱོང་བ་སྤྱི་མཐུན་ལུགས།།

བུ་ཚས་ཕ་མར་བརྩེ་བ་བོད་ཀྱི་གཤིས།།

ད་ལྟ་དེ་ལས་ལྡོག་པ་མང་བ་འདི།།

སྙིགས་མའི་རང་མདངས་ངོམས་པ་མ་ཡིན་ནམ།།

        ༡༧

གཞན་སྐྱོན་བལྟ་བྱེད་མིག་ལྡན་ཀུན་ལ་ཡོད།།

རང་སྐྱོན་འཚོལ་ལ་གསལ་བའི་མེ་ལོང་དགོས།།

སྐྱོན་ཡོན་བླང་དོར་གནད་རྩ་མ་རྟོགས་པར།།

ཁ་ཚོན་མི་གཅོད་སྨྲ་བ་ཉུང་ན་མཛེས།།

        ༡༨

ཡ་རབས་རྗེས་འབྲངས་གངས་རི་བཞིན་དུ་བརྩེགས།།

མ་རབས་རྗེས་ཉུལ་ཆུ་བོ་ཐུར་དུ་འཁྲིད།།

དེས་ན་རང་ཉིད་ལེགས་པར་འདོད་རྣམས་ཀྱིས།།

རྣམ་ཀུན་མ་རབས་སྤྱོད་པར་དོགས་ཟོན་དགོས།།

        ༡༩

ཕ་ཡུལ་ཕ་སྐད་དག་ལ་དགའ་ཞེན་བྲལ།།

རང་ཟས་མི་ཟ་གཞན་ཟས་ལ་རེ་བ།།

དེ་འདྲའི་རིགས་ཀྱིས་ཁ་ནས་མ་སྨྲས་ཀྱང་།།

ཕ་མ་དག་ལའང་བརྩེ་གདུང་མེད་པ་མཚོན།།

        ༢༠

ཀླད་རྙིང་མཁྲེགས་བཟུང་གླེན་པ་ཨུ་ཚུགས་དང་།།

སྙིང་མེད་མགོ་སྟོང་གཞན་རྗེས་གཡམ་རྒྱུག་ཅན།།

ཕན་ཚུན་ཕྱོགས་སུ་མི་ལྷུང་དབུ་མའི་ལམ།།

འཚོལ་བའི་ཐབས་ཚུལ་ཤེས་ན་མཁས་པ་ཡིན།།

        ༢༡

སྤྱི་དོན་མི་སེམས་རང་དོན་ཁོ་ནར་བརྩོན།།

མཐོ་གང་མ་གཏོགས་འདོམ་གང་མི་མཐོང་བ།།

རྫིང་བུ་མི་སྐེམ་ཐབས་ལ་མི་འབད་པར།།

ཉ་མོ་མི་འཆིའི་ཐབས་ལམ་འཚོལ་བ་འདྲ།།

        ༢༢

གཏན་གྱི་བདེ་བ་སྒྲུབ་པའི་ཐབས་ལམ་མཆོག །

འཚོལ་བར་འདོད་རྣམས་ཤེས་རིག་སྦྱང་གལ་ཆེ།།

ཤེས་རིག་མེད་པར་བདེ་བ་བསྒྲུབ་འདོད་རྣམས།།

རྩིག་རྨང་མེད་པར་མཁར་ལས་བྱེད་དང་མཚུངས།།

        ༢༣

རང་དོན་སྒྲུབ་པ་སེམས་ཅན་སྤྱི་ཡི་གཤིས།།

གཞན་དོན་སྒྲུབ་པ་བྱང་ཆུབ་སེམས་དཔའི་ལས།།

གཞན་དོན་འགྲུབ་ན་རང་དོན་ཞོར་འབྱུང་དུས།།

འགྲུབ་པར་ངེས་པའི་གནས་ལུགས་ཤེས་གལ་ཆེ།།

        ༢༤

རང་གི་ནུས་ཤུགས་གཡག་ལྟར་ངར་བར་རློམ།།

གཞན་ལ་ཤིག་ལྟར་མཐོང་ཆུང་བྱེད་པ་དག །

རང་ནུས་མ་ཚང་གཞན་ལ་རྒོལ་བ་དེས།།

སྒོ་ང་བྲག་ལ་བརྡབ་པ་མ་ཡིན་ནམ།།

        ༢༥

ད་ལོ་བསྟོད་པའི་མེ་ཏོག་དགུང་དུ་འཐོར།།

སང་ཕོད་སྨད་པའི་ཁ་ལུད་ཆུ་ལ་འཕེན།།

རིམ་གྱིས་འགྱུར་བ་སྲིད་འདིའི་ཚུལ་ཡིན་མོད།།

འདི་འདྲའི་འགྱུར་སླ་བོད་འདིར་ཅི་ལས་བྱུང་།།

        ༢༦

སྐད་རིག་མང་པོ་སྦྱངས་པ་ལེགས་མོད་ཀྱང་།།

རང་སྐད་རྨང་གཞི་བརྟན་པོའི་སྟེང་དུ་གསོག །

གཞན་སྐད་ཤེས་དུས་རང་སྐད་བོར་བ་དེས།།

རིགས་ཀྱི་མྱུ་གུ་སད་ཀྱིས་བཅོམ་མིན་ནམ།།

        ༢༧

དབུལ་པོས་འབད་ཀྱང་ཟམ་ནོར་སོག་དུས་མེད།།

ཕྱུག་པོས་ཅི་ཙམ་བསགས་ཀྱང་ཆོག་ཤེས་མེད།།

མཐའ་མ་འདི་སྒྲུབ་སྙམ་པའི་གཏད་སོ་མེད།།

མེད་པ་གསུམ་གྱིས་མནར་འདི་ཅི་ཡིས་ནོངས།།

        ༢༨

ཁ་ནས་ཆོས་སྒྲོག་མིག་ནི་ནམ་མཁར་བགྲད།།

དོན་གྱི་ལག་ལེན་མི་དགེ་བཅུ་ལ་འབད།།

དེ་འདྲའི་མི་ཡི་ཤ་ཚུགས་ཅན་མཐོང་ཚེ།།

བསྟན་དགྲ་ཟེར་བ་དེ་མིན་གཞན་དུ་ཉུང་།།

        ༢༩

གདོད་མའི་འཚོ་བར་རོལ་བའི་རྒན་པོ་དང་།།

དེང་རབས་འཚོ་བ་སྤྱོད་པའི་གཞོན་སྐྱེས་དག །

ལུས་ཀྱི་ན་ཚ་གཞོན་སྐྱེས་རྣམས་མང་ན།།

འདི་ཡི་རྒྱུ་རྐྱེན་ཅི་ལ་ཐུག་ཅེས་འདྲི།།

        ༣༠

མདོར་ན་འཇིག་རྟེན་འདི་ན་འགལ་འདུ་ལས།།

བདེན་པར་གྲུབ་པའི་དོན་ཞིག་མ་མཐོང་བས།།

དམ་པའི་གསུངས་ལྟར་བདག་མེད་དོན་རྟོགས་ན།།

འགལ་འདུའི་ར་བ་དེ་ལས་ཐར་རམ་སྙམ།།

        ༣༡

ཤེས་རབ་མེད་ན་དུད་འགྲོ་དག་དང་མཚུངས།།

ཡོད་ཀྱང་ཤེས་རབ་འཆལ་ན་དེ་ལས་ལོད།།

དེས་ན་ཟབ་གསལ་མྱུར་ཚེའི་ཤེས་རབ་མཆོག །

ཚེ་རབས་ཀུན་ཏུ་མི་འབྲལ་གྲོགས་སུ་སྨོན།།

        ༣༢

འཇིག་རྟེན་འགལ་འདུ་ཅན་གྱི་འཚོ་བ་དེ།།

མི་ལོ་དོན་ལྔར་མྱོང་བའི་སྣང་ཚུལ་འགའ།།

རབ་རྒྱན་མེ་བྱའི་ཟླ་བ་དང་པོ༼༢༠༡༧ ༽རུ།།

ཉན་ཤུལ་འཇམ་དབྱངས་གྲགས་པ་ཞེས་བྱས་བྲིས།།

རྩོམ་སྒྲིག་པ། མགར་རྒྱལ་སྲས།


  • ལེ་ཚན་སྔོན་མ།:ང་ཡི་ལོ་ཟླ།
  • ལེ་ཚན་རྗེས་མ།:མཁས་པའི་དབང་པོ་ཉན་ཤུལ་འཇམ་དབྱངས་གྲགས་པ་མཆོག་ལ་རྗེས་དྲན་ཞུ། ༼གཅིག༽