ཉི་ཟླ་ལྟ་བུའི་ཨ་ཕ་ཞིག

དུར་བྱང་།        2019-11-04

ཞོགས་པ་དེར། ངས་རྒྱང་རིང་བའི་གངས་ཀྱི་རི་བོ་ཞིག་མཐོང་བྱུང་།

ཞོགས་པ་དེར། ངས་གཏིང་ཟབ་པའི་མ་ཕམ་གཡུ་མཚོ་དེ་མཐོང་བྱུང་།

ཞོགས་པ་དེར། ངས་དབུ་སྐྲ་རླུང་གིས་གཟེད་ཀྱིན་པའི་བདག་གི་ཡབ་ཆེན་ལགས་མཐོང་བྱུང་།

ངའི་ཡབ་ཆེན་གྱི་སྤྱན་ཟུང་གིས་རྒྱང་རིང་བའི་ལྷ་མོ་ལ་གཟིགས་ཡོད།

སྣོད་བཅུད་འདིའི་དྭངས་གཙང་གི་མཛེས་སྡུག་མ་ལུས་བརྩེ་བའི་ལྷ་མོ་ལ་ཕུལ་ཡོད།

ངའི་ཡབ་ཆེན་གྱི་བློ་ཁོག་ཡངས་པོས་བུ་ཆུང་ང་རང་སེམས་ཀྱིས་གཉོར་གྱིན་ཡོད།

ཁོང་གིས་འཇིགས་རྟེན་འདིའི་བདེ་དགེ་མཛེས་གསུམ་ཡོད་ཚད་བུ་ཆུང་ལ་

གནང་ཡོད།

ཨ་ཕ་ལགས།

ཡལ་གའི་སྒང་ལ་ཉི་ཟླ་སྐར་གསུམ་འཛོམས་པའི་དུས་ཚིགས་དེར།

སྣང་བའི་རལ་གྲིས་བསམ་གཞིག་གི་གློ་སྙིང་ཚར་བུར་འབྲེག་པའི་དུས་སྐབས་དེར།

ཕྱིར་དྲན་གྱི་འདུན་པ་རླུང་གིས་གཏོར་བའི་སྐབས་ཐོག་དེར།

ངས་ད་དུང་ཡང་ཅི་ཡང་མི་དྲན་ལ་གང་ཡང་མ་ནུས་པར་ལུས་ཡོད།

ཁྱེད་ནི་གངས་ཀྱི་རྩེ་མོར་ཕུབ་པའི་གསེར་ཏོག་ལྟ་བུ་དེ་ཡིན་ལ།

ཁྱེད་ནི་བདག་གི་སེམས་གཏིང་ལ་སིམ་པའི་འོད་ཀྱི་ཐིག་ལེ་དེའང་ཡིན།

ཨ་ཕ་ལགས།

ཁྱེད་ནི་འཁོར་བའི་ཐང་ཆེན་ན་གྲུ་གུ་ལྟར་འགྲེ་ལོག་རྒྱག་པའི་རྒྱབ་རི་སྨུག་པོ་

དེ་ཡིན་ལ།

ཁྱེེད་ནི་བདག་གི་འཚོ་གཞེས་སུ་ལྡབས་པའི་མི་འགྱུར་རྟག་བརྟན་གྱི་ཀ་བ་བརྟན་པོ་དེའང་ཅི་ལ་མིན།

ཕ་ཡུལ་གྱི་བར་སྣང་ན་རྡུལ་འཚུབ་དང་གྲང་ངར་རྒོད་དུས།

འཁོར་བའི་སྡུག་བསྔལ་གྱི་ཁུར་བོ་ཕྲག་ལ་འཁུར་དགོས་བྱུང་དུས།

ཁྱེད་ནི་དཀའ་ལས་གང་མང་གི་སྣེ་མོར་འཇུས་ཏེ།

ལུས་ལ་སེར་མདའ་ལྷུང་ཡང་དཔྲལ་བར་མདུད་པ་བརྒྱབ་ནས།

ནམ་མཁའ་ཆེན་པོ་འདི་ཁྱོད་ཀྱིས་དཔའ་ངར་ངོམ་སའི་སྟེགས་བུ་ཞིག་ལ་

ངོས་བཟུང་ཡོད།

བརྩེ་བའི་ཨ་ཕ་ལགས།

རྩྭ་ཐང་དང་རི་བོ། ནོར་གནག་དང་མེ་ཏོག ཉི་འོད་དང་རྟ་མཆོག 

ཕ་ཡུལ་དང་གཉེན་ཉེ།

འདི་དག་ཡོད་ཚད་ནི་ཁྱེད་ཀྱི་ལང་ཚོའི་དཔའ་སྟོབས་ལ་རྒྱུས་མངའ་ཡོད་པའི་སེམས་ཀྱི་རྟེན་ཕུར་རེ་རེ་ཡིན།

ཁྱེད་ཀྱིས་འདས་པའི་གཏམ་རྒྱུད་མཐིང་སྨུག་སྦྲ་ཆུང་ལ་བྲིས་ཡོད།

ཁྱེད་ཀྱིས་དཔའ་བོའི་སྙིང་སྟོབས་རྟ་ཕོའི་རྨིག་རྗེས་ལ་ཕབས་ཡོད།

ཁྱེད་ཀྱིས་སེམས་ཀྱི་དད་འདུན་བསླུ་མེད་དཀོན་མཆོག་ལ་བཅོལ་ཡོད།

ཁྱེད་ཀྱིས་ཡིད་ཀྱི་སྨོན་ལམ་ཁ་བ་གངས་ཅན་ལ་བཏབ་ཡོད།

ཁྱེད་ནི་སྲོད་ཁའི་མཚམས་སྤྲིན་ལང་ལོང་གི་འཁྱུག་སྟབས་ལ་དགའ་ཞིང་།

ཁྱེད་ནི་འབྲུ་དྲུག་ལོ་ལེགས་ཀྱི་མགོ་བོ་ལྡེམ་ཞིང་ལྡེམ་པའི་ཞིང་ཐང་ལ་དུང་བས།

ཁྱེད་ཀྱིས་གཡང་དཀར་ལུག་གི་འབའ་སྒྲ་ལ་ཉན་ནས་རྫི་གླུ་ལེན་ཞིང་།

ཁྱེད་ཀྱིས་ནོར་གནག་གི་རྭ་རྩེད་ལ་བལྟས་ཏེ།

མི་ཚེའི་གླེགས་བམ་གདོང་ལ་བྲིས་མྱོང་ཡོད།

ཨ་ཕ་ལགས།

ཁྱེད་ནི་མེས་པོའི་གཏམ་རྒྱུད་ཐུགས་ལ་མངའ་བའི་དཔའ་བོ་ཞིག་ཡིན།

ཁྱེད་ནི་ཡབ་མེས་ཀྱི་དུར་ས་ཚེ་སྲོག་གིས་སྲུང་བའི་དམག་དཔོན་ཞིག་ཡིན།

ཁྱེད་ནི་མདུན་གྱི་འཚོ་ཚིས་ལ་ཐུགས་བཀོད་གནང་བའི་བློན་ཆེན་ཞིག་ཡིན།

ཁྱེད་ནི་འབྲི་མར་དང་རྩམ་དྲི་མ་ཡལ་བའི་བོད་ཀྱི་འབྲོག་པ་རྒད་པོ་ཞིག་ཡིན།

ཉི་ཟླ་ལྟ་བུའི་ཨ་ཕ་ལགས།

ཁྱེད་ནི་ངའི་གསེར་གྱི་ཉི་མ་སྒོར་སྒོར་དེ་ཡིན་ལ།

ཁྱེད་ནི་ངའི་དུང་གི་ཟླ་བ་དཀར་དཀར་དེའང་ཡིན།

ཨ་ཕ་ལགས།

བུ་ཆུང་གིས་ཕ་ཡུལ་གྱི་རྡོག་ཁྲེས་སེམས་སུ་རྦས་ནས།

མ་འོངས་པའི་མི་ཚེའི་ལམ་ཐག་གོམ་ཆུང་གིས་གཞལ་གྱིན་ཡོད།

ཨ་ཕས་གསུང་དོན། བུ་ཆུང་། ཁ་མིག་ཐོགས་པའི་མགོ་བོ་ཡར་ཁྱོགས་དང་།

མདུན་གྱི་གངས་རི་དང་རྩྭ་ཐང་ཅི་འདྲའི་ཁོད་ཡངས་པ་ལ།

དེ་ཕྱོགས་ན་ཨ་ཕས་ཁྱོད་ལ་བཞག་པའི་སྙིང་རྗེའི་གཞས་ཁྱིམ་དང་ཤེས་རབ་ཀྱི་

ཐབ་ཀ་བཙུགས་ཡོད་ཟེར།

ཨོ། ཨ་ཕ་ལགས། ཁྱེད་ནི་ངའི་རྒྱབ་ཕྱོགས་ན་ཀེར་རེར་འགྲེང་བའི་གངས་རི་

དེ་ཡིན།

ཁྱེད་ནི་ངའི་མདུན་ཕྱོགས་ན་ལྷང་ངེར་འཁྱིལ་བའི་མཚོ་མོ་དེ་ཡིན།

ཁྱེད་ནི་ངའི་དུས་གསུམ་ཀུན་ཏུ་བཞུགས་པའི་མགོན་སྐྱབས་དེ་ཡིན་ལགས།

  • ལེ་ཚན་སྔོན་མ།:དབྱངས་གསལ་ལགས་བཀའ་དྲིན་ཆེ།
  • ལེ་ཚན་རྗེས་མ།:མདའ་མོ་གཡང་རྫོང་ལ་བསྟོད་པ་མིའམ་ཅིའི་གླུ་དབྱངས།