མགྱོགས་འཕྲིན་ལ་རྒྱང་ལྟ་བྱས་པ།

འཇམ་དབྱངས་ཉི་མ།        2019-10-28

ཇ་ཁང་ཆང་ཁང་ནང་ཉི་མ་གཏོང་ཞོར།།

ཇ་དམར་གླང་དམར་གྱི་སྡེར་ཁ་བཤམས་ལ།།

ཇ་མ་ཆང་མ་སོགས་རྗེས་འཇུག་བསྡུས་ཏེ།།

ཇ་སྡོང་ཁེར་སྐྱེས་བཞིན་མཛུབ་མོ་ཀེར་ནས།།

ཉིན་མཚན་གོ་ལྡོག་གིས་མགྱོགས་འཕྲིན་རྩེད་བ།།


ཕ་སྐད་མ་སྐད་ཀྱི་བླ་སྲོག་འདོར་བཞིན།།

ཕ་རོལ་གཞན་རྒྱུ་ལ་ཞེ་སེམས་འཁྲེང་བའི།།

ཕ་དང་མེས་པོ་ཡི་ཞབས་འདྲེན་འགའ་རེས།།

ཕ་ཤུལ་བུས་སྟོང་གི་རྣམ་ཐར་འཁྲབ་དུས།།

ཕ་མེས་གོང་མ་ཡི་ཞལ་ཆེམས་དྲན་པ།།


ང་ལ་དོ་ཁུར་རེ་བྱེད་རྒྱུ་མ་བརྗེད།།

ང་ལ་སྙིང་དམར་རེ་གནོན་རོགས་ཁ་དྲོ།།

ང་ལ་ཁྱོད་ཚོ་ཡི་རྒྱབ་སྐྱོར་མཁོ་ལ།།

ང་ལ་ལྦུ་ཆང་དང་མེ་ཏོག་འབུལ་མཁན།།

ང་ཡིས་ནམ་ཡིན་ཡང་སེམས་ན་ཡོད་སྐད།།


བསམ་ཚུལ་དྲང་མོ་ཞིག་བརྗོད་ཁུལ་བྱས་ན།།

བསམ་ནག་ཡིག་རྨོངས་འགས་ཁ་རྩོག་བཤད་ནས།།

བསམ་མེད་ཅོལ་ཆུང་འགས་མཚར་སྣང་སྐྱེས་ཏེ།།

བསམ་བྱའི་ལས་ཀ་ལ་བླང་དོར་མེད་པར།།

བསམ་བྱ་མགྱོགས་འཕྲིན་ལས་མེད་པས་སྡུག་པ།།


མིང་བྱང་རྫིག་པོ་རེའི་གཡུ་རལ་ངོམ་པའི།།

མིང་དོན་གཉིས་ལྡན་གྱི་གཞས་མཁན་ཚོས་ཀྱང་།།

མིང་དོན་རྒྱབ་འགལ་གྱི་བྱ་བ་བསྒྲུབས་ཏེ།།

མང་ཚོགས་དཀྱུས་མ་ལ་མགོ་འཁོར་གཡེང་སའི།།

མགྱོགས་འཕྲིན་ཁ་ནག་འདི་དུས་ཚོད་རྐུན་པོ།།

  • ལེ་ཚན་སྔོན་མ།:སྟོན་མཇུག་གི་གླུ།
  • ལེ་ཚན་རྗེས་མ།:སེམས་པ་ཁྱོད་ལ་གླན་ཡོད།