བོད་ཀྱི་རིག་གཞུང་ལ་ཕུལ་བའི་ལེགས་སྐྱེས་ངག་གི་གཡང་འབོད།

འཇམ་དབྱངས་ཚེ་རིང་།        2019-10-23

ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་དྲིན་ལས།།

འཇམ་དབྱངས་ཐོན་མིས་བོད་ཡིག་གསར་གཏོད་མཛད།།

སཱ་ལའི་ལྗོངས་ལ་མུན་སེལ་པདྨོའི་གཉེན།།

བྱ་ལམ་ཡངས་པོའི་ཁྱོན་འགེངས་ཁྱོད་ཀྱི་དྲིན།།

དྲིན་ཆེན་ཟླ་མེད་དཔལ་ལྡན་མར་མེ་མཛད།།

བྱང་ཆུབ་འོད་དང་ཡེ་ཤེས་འོད་གཉིས་ཀྱིས།།

གངས་ཅན་ལྗོངས་སུ་དྲངས་པའི་བཀའ་དྲིན་མཐུས།།

སྐྱབས་འགྲོའི་བསླབ་བྱ་ལམ་གྱི་གཞི་མ་རུ།།

གདམས་ངག་ལེགས་པར་འབོགས་པའི་སྲོལ་རྒྱུན་གྱིས།།

བུ་སློབ་མཁས་པས་ས་སྟེང་ཡོངས་ལ་ཁྱབ།།

དཔལ་ལྡན་མར་མེ་མཛད་ཁྱོད་གངས་ལྗོངས་སུ།།

ཞབས་ཀྱིས་བཅགས་པའི་བཀའ་དྲིན་སྲིད་མཐའི་བར།།

གངས་ཅན་མཁས་པ་ཀུན་གྱི་མགྲིན་པའི་རྒྱན། །

བཀའ་གདམས་གསར་མའི་བདག་པོ་ཙོང་ཁ་བ།།

ཀླུ་འབུམ་དགེ་དང་ཤིང་བཟའ་ཨ་ཆོས་ལས།།

བལྟམས་པའི་རིགས་གསུམ་མགོན་པོའི་སྤྲུལ་པ་གང་། །

གངས་ཅན་མཁས་པའི་གཙུག་ན་ལྷམ་མེར་རྒྱལ། །

ཆོས་ཀུན་རྣམ་འབྱེད་མཁྱེན་དཔྱོད་རྣོན་པོའི་མཐུས། །

རྒྱལ་བསྟན་མཁའ་ལ་བསྒྲེངས་པའི་རྒྱལ་མཚན་གྱི།།

སྙན་པའི་གྲགས་པ་ས་གསུམ་ཁྱོན་དུ་གཡོ།།

རིག་གནས་ཆེ་བ་ལྔ་དང་ཆུང་བ་ལྔའི།།

མཚན་བཟང་ཤེས་རིག་དྲངས་པའི་ཤིང་རྟ་བ།།

བརྩེ་ཆེན་ལེགས་བཤད་འབྱུང་གནས་ས་སྐྱ་པ། །

འཇམ་དབྱངས་རྣམ་སྤྲུལ་གོང་མ་རྣམ་པ་ལྔས།  །

བསྟན་འགྲོའི་ཕན་བདེའི་སྒོ་བརྒྱ་ལྷོད་ཀྱིས་ཕྱེ། །

ཁ་བའི་ལྗོངས་ལ་འོད་སྟོང་རིག་གནས་ཀྱི།།

ཆུ་གཏེར་ལེགས་འཁྱིལ་རྣམ་དཔྱོད་ཆེན་པོ་ཡི།།

ཕྱག་རྗེས་ཆེན་པོའི་བཀའ་དྲིན་བསྐྱངས་པ་འདིས།།

གངས་ཅན་ལྗོངས་ལ་སྔར་ལས་བདེ་སྐྱིད་རྒྱས།།

དགེ་བཤེས་མཁས་མང་བྱེ་བའི་བཀའ་དྲིན་གྱི།།

ས་འཛིན་ལྟོས་དང་མཉམ་པའི་གླེགས་བམ་ལ།།

སྐྱེས་རབས་གྲངས་མང་མཇལ་ཡང་རྫོགས་པའི་མཐའ།།

ནམ་ཡང་ཡོད་པའི་གོ་སྐབས་རིང་དུ་བྲལ།།

ཁྱད་པར་ཕྱི་དར་འདུལ་བའི་བསྟན་པ་ལ།།

མཁས་པ་མི་གསུམ་ལྷ་ལུང་དཔལ་རྡོར་སོགས།།

ལོ་རྒྱུས་མི་སྣ་གྲགས་ཅན་འགའ་ཞིག་ལ།།

སྙན་མོའི་ཚིག་གི་ཕྲེང་བས་བསྟོད་པར་བགྱིད།།

མཁས་དབང་དགེ་ཆོས་རིག་པའི་དཔའ་བོ་གང་།།

རྣམ་དཔྱོད་རྒོད་པོས་གོ་ལ་ཟླུམ་པོའི་སྟེང་།།

ཞིབ་འཇུག་ལས་དོན་སྐུ་ཚེ་གང་བོ་ལ།།

ངལ་བ་རིང་དུ་དོར་ནས་རང་རིགས་ལ།།

རང་གི་ནུས་པས་སྲི་ཞུ་བསྒྲུབས་པ་འདི།།

གངས་ཅན་སྐལ་ལྡན་ཚོགས་ཀྱི་ཡི་རང་གནས།།

རྗེ་བཙུན་འཇིགས་མེད་དམ་ཆོས་རྒྱ་མཚོ་ཡི། །

གསུང་སྐྱེས་མཁས་དབང་ཞབས་དྲུང་རིན་པོ་ཆེ།།

ངག་དབང་དབྱངས་ལྡན་རིག་པའི་འདོད་འཇོ་གང་།།          

རྣམ་དཔྱོད་མེ་ལྟར་འབར་བ་ལས་བྱུང་བའི།།

ལུང་རྟོགས་ཡོན་ཏན་ཆུ་གཏེར་ཀློང་ཡངས་པོར།།

སྦྱངས་པའི་ལས་འཕྲོ་སྐལ་ལྡན་སྐར་ཚོགས་འདྲ།།

བགྲང་བྱ་མང་པོ་འདས་པའི་ད་ལྟ་ལའང་།།

མི་རིགས་མང་པོས་རང་རིགས་རིག་གནས་ལ།།

ངལ་བ་བརྟེན་ནས་སྦྱངས་པའི་འབྲས་བུ་ཡིས།།

བོད་པའི་རིག་གནས་ར་བ་སྔོན་ལས་ཆེ།།

སཱ་ལའི་ལྗོངས་ཀྱི་ས་ཁམས་རིག་གནས་དང་།།

རི་བྲག་ཆུ་སོགས་ཐུན་མོང་རིག་གནས་ལ།།

ཞིབ་འཇུག་ལས་ཀའི་དུས་ཚོད་འདའ་བར་བསྟོད།།

སྐལ་བ་བཟང་པོ་ལྡན་རྣམས་ཚད་ལྡན་བཤེས། །

བསྟེན་ལས་རིག་གནས་ཁྲིད་རྒྱུན་གཙང་མ་དེ།།

གཞོན་སྐྱེས་སྐལ་བཟང་ཚོགས་ལ་སྤོབས་པའི་ཉམས།།

ཞི་ཞིང་དུལ་བའི་མཚན་ཉིད་བཅུ་ཚང་བའི།།

བཤེས་གཉེན་ཚོགས་ལ་ཁ་མིག་ཡར་ལྟ་ཡི།།

རིག་གནས་ཁྲིད་རྒྱུན་སྤོབས་པས་གདེངས་མཐོ་པའི།།

མི་འཇིགས་སྤོབས་པ་ལྟར་དུ་ཁྲིད་བྱས་ནས།།

རང་རིགས་རིག་གནས་འཕེལ་ཞིང་རྒྱས་པ་ལ།།

འབད་འབུངས་སྲི་ཞུ་ལེགས་པོ་བྱེད་ཐུབ་ན།།

ཕ་མ་གྲོགས་པོ་ཡོངས་ཀྱི་རེ་བ་བསྐང་།།

དོན་གཉིས་མཐའ་འཁྱོངས་བྱེད་པའི་ལས་ལེགས་ལ།།

ཀུན་གྱི་རྗེས་སུ་ཡི་རང་བྱེད་པའི་གནས།།

སུམ་རྩེན་འདྲ་བའི་རྒྱལ་ས་པེ་ཅིང་དུ།།

བོད་པའི་རིག་གནས་སློབ་པའི་རྫོང་བཙན་པོ།།

ད་ལྟ་ཡིན་ཡང་རང་རིགས་རིག་གནས་ལ།།

སློབ་པའི་དམ་བཅའ་ནམ་ཡང་འགྱུར་དུ་མེད།།

མི་རིགས་གཞན་གྱི་སྔོན་ཐོན་རིག་གནས་ཀྱི།།

ལེགས་པའི་ཡོན་ཏན་ཚུར་ལ་ལེན་ཐུབ་ན།།

ལེགས་ཐོག་ལེགས་བརྩེགས་ནམ་ཡང་རང་གི་རྒྱན།།

མང་དུ་ཐོས་པའི་ཡོན་ཏན་ལ་བསྟེན་ནས།།

བསམ་བློ་ཡང་ཡང་བཏང་པས་རང་རྒྱུད་ལ།།

སྒོམ་པའི་ཡོན་ཏན་འབྱོར་བས་རང་ནུས་ཀྱི།།

རིག་གནས་སློབ་པའི་སྤོབས་པ་མི་དམན་ལ།།

སྙན་ཚིག་སྡེབ་ལེགས་རིག་པ་ལ་བརྟེན་ནས།།

དུས་རབས་ཉེར་གཅིག་བོད་པའི་རིག་གཞུང་ལ།།

ཡང་ཡང་འཇུག་པའི་སྨོན་ཚིག་ངག་ནས་ཐལ། །



  • ལེ་ཚན་སྔོན་མ།:མ་ཡུམ་ལ་བྲིས་པའི་སྙན་ཚིག་སེང་གེ་དཀར་མོའི་འོ་མ།
  • ལེ་ཚན་རྗེས་མ།:སློབ་གྲོགས་ཚོ།མུ་མཐུད་ནས་ལམ་དུ་ཆས་ཤིག