ང་དང་ང་ཡི་མེས་རྒྱལ།

གསེར་དུང་སྙུག        2019-09-27

ས་ཆེན་པོའི་བྲང་ཁ་ནས།

རྟེན་འབྲེལ་གྱི་མ་ལག་ཚང་བའི་རྒྱལ་ཁབ་ཅིག་གི་དབང་པོ་རྙེད།

ཐོག་མའི་རྣ་ཤེས་ཏེ་རླུང་གིས་སྤུར་བའི་འཇིག་རྟེན་ནས།

བྱ་སྒྲོ་བཞིན་འཕུར་ཞིང་བསྐྱོམས་ཏེ་གཏད་སོ་མེད།

ངལ་རྩོལ་གྱི་རྔུལ་ཆུའི་ཐིགས་པ་ལུས་སུ་བསགས་ནས།

ནས་འབྲུ་རྡོག་གཅིག་ལ་ཤི་གསོན་གྱི་གཡུལ་ཁ་བཤམས།

མགུར་གླུ་ངག་ཏུ་བཞེངས་ནས་ཆབ་སྲིད་ཀྱི་འཁོར་ལོ་དམ་དུ་བཟུང་།

དར་ཆེན་ཕྲག་པར་གཟར་ནས་རལ་གྲིའི་རྣོ་སོ་དགྲ་ལ་གཏད།

མེ་མདའ་དང་ཁྲག་དམར་འདྲེས་ནས་གཙང་བོར་འགྱུར་དུས།

རྒྱང་བསྐྱོད་ཀྱི་དམག་ཆེན་ཞིག་གི་འཛུམ་མདངས་རྟོགས་སྲིད།

སྐབས་དེ་དུས་སུ།

གྱི་ལིང་གི་རྨིག་སྒྲ་ཤིག་ཤིག

གདངས་མཉམ་གྱི་དཔའ་འབོད་སིང་སིང་།

འཁོར་གསུམ་གྱི་རྩིབ་སྒྲ་ལྷིང་ལྷིང་།

དཔའ་བོའི་སྙིང་སྤོབས་མེ་ལྕེ་བཞིན་ཤུགས་གྱིས་འབར།

ངའི་ཚོར་བའི་ཡང་རྩེ་ནས་མེས་རྒྱལ་ཞེས་པའི་ཐ་སྙད་ཅིག་འཚོལ་དུས།

ང་ནི་འདུ་ཤེས་བོར་བའི་མི་རོ་ཞིག་རེད་འདུག

ང་ནི་ཚོར་ཤེས་འདྲོང་བའི་བསམ་ཤེས་ཤིག་རེད་འདུག

མེས་རྒྱལ་དང་མེས་རྒྱལ་གྱིས་ཁུར་བའི་ལོ་རྒྱུས་ཀྱི་གླེགས་བམ་དག

ང་དང་གློ་ཉེ་ས་ཞིག་ན་ཁོལ་བཞིན་ཡོད་ལ།

ང་དང་རྒྱང་ཐག་རིང་ས་ཞིག་ན་འཚེར་བཞིན་འདུག

འཇིག་རྟེན་གྱི་མགོ་བོ་ཁྲག་ནས་སད་ཅིང་།

མེས་རྒྱལ་གྱི་ལས་དབང་སྡུག་ནས་བསླངས།

སྐྱེ་ཆེན་ཚོས་རང་ཉིད་འབར་གས་སུ་བསྟམས་ནས།

རྒྱལ་ཁབ་ལ་ལེགས་སྐྱེས་མཛད།

གཅེས་སུ་འོས་པའི་ཚེ་སྲོག་གི་ཉག་མ་ཕྲ་མོ།

སྨན་རྫས་དང་དུག་རྫས།

འགྱུར་རྫས་ཁྲིག་ཕྲག་དང་ལག་བསྟར་བགྲང་མང་སྟེ།

ཚོད་ལྟ་ཞིག་གི་དངོས་གཟུགས་སུ་བསྒོམས་ནས།

སྙིང་ཉེ་བའི་མཛའ་གྲོགས་དང་ཁྱིམ་ཚང་།

དྲིན་ཆེ་བའི་ཕ་མ་དག་ལ།

གྱེས་བརྡ་བཞག་ཏེ་གཏན་དུ་མི་ཡུལ་ནས་ཆས་དུས།

རྒྱལ་ཁབ་དང་མི་རིགས་མང་པོ་ཞིག་ལ་ཚན་རིག་གི་སྒོ་མོ་ཕྱེས་འདུག

སྔོན་ཐོན་གྱི་དབུ་ཁྱུད་བྲིས་འདུག

གཉའ་གནོན་དང་བཙན་དབང་།

འཁྱག་ལྟོགས་དང་བཀྲེས་སྐོམ།

གདུང་བ་ཡོད་ཚད་དགུན་གཞུང་གི་ཁ་བ་བཞིན་ཉི་ཟེར་གྱིས་བཅོམ།

དམངས་ཀྱི་འཚོ་བ་དཀའ་སྡུག་གི་སྲིབ་ཁ་རུ་ཉུལ་ཞིང་།

ལས་དབང་སྐྱ་བོའི་ངུ་འབོད་རི་སུལ་ནས་གཏོང་དུས།

ཨ་མ་ལྟ་བུའི་བྱམས་སེམས་ཅན་དང་སྙིང་རྗེ་ཅན།

ངག་འཇམ་པོའི་ཚིག་གིས་སྙིང་ནད་བསལ་ཅིང་།

ཕྱག་མཉེན་མོས་ལུས་ཀྱི་རྨ་ཁ་བཅོས།

མེས་རྒྱལ་ལགས།

ས་ཆེན་གྱི་སྙིང་ཤ་འདར་ཏེ་རི་རབ་ཀྱི་འཇིགས་ཉེན་སློང་དུས།

ཁྱེད་ནི་ལྕགས་ཁྲབ་གོན་པའི་དམག་དཔོན་ཞིག་ཡིན་ལ།

རྒྱང་ཤེལ་ཐོགས་པའི་སོ་བ་ཞིག་ཡིན་སྲིད།

ཆུ་ཆེན་གྱི་རྒྱ་མཚོ་གང་ནས་རྦ་རླབས་ཀྱིས་ཚེ་སྲོག་འཕྲོག་དུས།

ཁྱེད་ནི་གོས་དཀར་གོན་པའི་ལྷ་རྗེ་ཞིག་ཡིན་ལ།

མིག་ཤེལ་གྱོན་པའི་སློབ་གསོ་བ་ཞིག་ཡིན་འདུག

མེས་རྒྱལ་ལགས།

ཁྱེད་རང་དབུ་བརྙེས་པ་ནས་བཟུང་།

ལྗང་མདོག་གི་ཁོར་ཡུག་ལ་དྲི་བསུང་གི་མེ་ཏོག་བཞད་མཁན་ཁྱེད་ཡིན་ལ།

གཟའ་སྐར་ཉི་ཟླའི་འཁོར་ཁྱིམ་ལ་རྒྱང་བསྐྱོད་བྱེད་མཁན་ཁྱེད་ཉིད་ཡིན།

བདག་གི་སྙིང་དབུས་ན་འཛུམ་པའི་ཉི་འོད་ལམ་ལམ།

མེས་རྒྱལ་གྱི་ཁྱིམ་ཆེན་པོ།

འབྱོར་ཕྱུག་གི་དབང་ཐང་ཀླུ་རུ་མཉམ་ནས།

ཁྱེད་ཀྱི་ཞི་བདེ་ཡི་ཚེ་སྲོག་ཁྲི་ལོར་ཤོག

ང་ཡི་མེས་རྒྱལ་ལགས་་་་་་་་

  • ལེ་ཚན་སྔོན་མ།:དྲིན་ཆེན་ཏང་ལ་བསྟོད།
  • ལེ་ཚན་རྗེས་མ།:མ་ཡུམ་མེས་རྒྱལ་ལ་བསྟོད་པ།