སྲིད་པ་སྒྱུ་མའི་ངག

གྱིན་འདའ་བ།        2019-09-06

ལྷིང་འཇགས་རླུང་གིས་གཏོར་བའི་རུ་གྲོང་གི་མཐའ་ནས།།

རྨི་ལམ་མེ་ཡིས་ཚིག་པའི་རྣམ་རྟོག་གི་རླབས་ལས།།

སེམས་ཀྱི་གནས་མལ་འཚོལ་སའི་བས་མཐའ་ཞིག་ཡོད་ན།།

ཏིང་འཛིན་ཞི་བའི་རུམ་དུ་དར་ཅིག་ངང་གནས་ཆོག།


ཚོར་བའི་ཆང་གིས་བད་པའི་རྣམ་རྟོག་གི་རླབས་རིས།།

སྣང་བའི་རི་མོ་འཆར་སའི་མེ་ལོང་དེ་བརྫབས་སོང་།།

འདི་སྣང་ཞེན་ཆགས་རེ་བའི་མིག་མདངས་ཤིག་ཡོད་ན།།

འཁོར་བའི་བྱེ་ཐང་སྐྱ་མོ་སེམས་སྤོབས་ཀྱི་བརྒལ་ཆོག།


སྣ་ཚོགས་ཡོ་ལང་རྒོད་པོའི་འཇིག་རྟེན་གྱི་པང་ནས།།

མ་ངེས་ལས་ལ་བྲེལ་བའི་རླབས་ཤུགས་དེ་འཕྱོ་དུས།།

འཁོར་བའི་རི་ལས་སྐྱེས་པའི་གཉིས་འཛིན་ཞིག་མེད་ན།།

ཁྱོད་དང་འུ་གུ་ཞེས་པའི་ཐ་སྙད་དེ་མེད་དོ།།


མ་དག་འཁྲུལ་བའི་ཉམས་སྣང་བདེན་པ་རུ་བརླམས་ནས།།

གཉིས་འཛིན་སེམས་ཀྱི་སྒོ་མོ་ཡིད་སྲུབས་ཀྱིས་བཅིངས་དུས།།

དེ་རིང་སྣང་བའི་ཁམས་ཀྱི་སྒྱུ་འཕྲུལ་གྱི་མེ་ཏོག།

སང་ཉིན་སེམས་པའི་མཐིལ་ལ་མངོན་སུམ་དུ་གད་འདྲ།།


སྒྱུ་མའི་སེམས་པ་ངལ་བའི་སྙན་ངག་གི་གདངས་ལ།།

སྙིང་ཆུང་ཕྱི་ནང་གླན་སའི་མལ་གདན་ཞིག་མཆིས་ན།།

སེམས་ཀྱི་སྒྲོམ་ཆུང་ནང་གི་བག་ཆགས་ཀྱི་དྲི་མ།།

སྙན་ཚིག་དྲག་ཏུ་འབབ་པའི་ཆར་ཞོད་ཀྱི་བསང་འགྲོ།།


ཞེན་ཆགས་འཁྲུལ་བའི་རྡུལ་ཚོགས་གཙང་མ་རུ་ཕྱེས་ཤིང་།།

རྣམ་རྟོག་དུག་གི་ལོ་མ་གཙང་བོ་རུ་བསྐུར་ཏེ།།

རྟག་ཆད་གཉིས་སུ་བྲལ་བའི་དབུས་ལམ་ལ་ཕྱིན་ན།།

སེམས་ཉིད་ཞི་བའི་འོད་ཀྱི་འཇའ་གུར་དེ་ཕུབ་ཆོག།


སེམས་བྱུང་རྣམ་རྟོག་རྒོད་པོའི་རྩིབ་ལོགས་ནས་ཐེག་དེ།།

སེམས་ཀྱི་མེ་ཏོག་རྒུམ་པའི་བས་མཐའ་ཡི་སྒོམ་ཆུང་།།

སེམས་ཉིད་ངོ་བོ་འཚོལ་སའི་ཏིང་འཛིན་གྱི་མལ་ནས།།

སེམས་པའི་རོལ་དབྱངས་འཇེབས་པོ་རྣ་བ་རུ་གླན་ཡོད།།

  • ལེ་ཚན་སྔོན་མ།:མི་ཚེ་སྟོང་བ་ཉིད་ཀྱི་མདོ།
  • ལེ་ཚན་རྗེས་མ།:འཁུན་ཚིག