མགུར་མ་མགུར་ལ་དྲངས་བའི་ངག

སྦྲང་བུ།        2019-08-29

འཇིག་པའི་རྟེན་ལ་སེམས་པ་བསྒུལ་བའི་ལང་ཚོ་དེ་ལ་འཇའ་དང་མི་རྟག་ཞེས།།

ཐོག་མའི་ལས་ཤིག་ཞེ་རུ་བཅིངས་ནས་མདུན་གྱི་འོད་ཡིན་བསམ་བཞིན་དེ་རུ་འབད།།

ཕྲག་དོག་མིན་ན་ལམ་འཕྲང་འདི་ལ་རྙོག་འཛིང་རི་མོའི་སེམས་སུ་དཔར་སྲིད་ཟེར།།

གང་ཞིག་འབྱུང་ཡང་ཞེ་འདྲིས་དམར་པོ་སེམས་སུ་བཅུད་ནས་དམ་ཚིག་ཞིག་ཏུ་འགྱུར།།

གཏམ་དང་ཚིག་ངན་ཞེ་རུ་བོར་ཞིང་དགའ་བའི་ཐ་ཚིག་རྣ་རུ་འཕེན་ཀྱང་རུང་།།

དོན་དུ་བཤད་ན་དམ་ཚིག་དམར་པོའི་སེམས་པ་གསོ་བའི་གཏམ་གྱི་སྙེ་མ་ཉུང་།།

གནའ་དང་དེང་གི་ཟུང་བ་འཇུག་པའི་མི་ཡི་དུང་བའི་ཁ་དོག་རུལ་ན་ཡང་།།

ཁྱོད་ལས་འཁྲུངས་བའི་དུང་བའི་ཐ་སྙད་དགུང་ལ་བཞག་ཀྱང་བཞུར་བ་ག་ལ་ནུས།།

ལས་དང་རྣམ་སྨིན་སོགས་ཀྱིས་བཅིངས་བ་མིན་ན་འགྱུར་བ་ཞེས་པའི་ཐ་སྙད་མེད།།

གླེགས་བམ་སེར་པོའི་ཉིན་སྲིབ་གཉིས་ལ་ལྟ་ཀློག་བྱས་ཀྱང་དྲན་སེམས་འགོག་ནུས་མེད།།

ཡུན་དུ་འདྲིས་པའི་ཞེ་འདྲིས་ཤིག་ལ་རི་མོ་མགར་ནས་འཕྲིན་པ་གཏོང་བར་འདི།།

གཏམ་རྒྱུད་བོར་སའི་གནས་སུ་ཕྱིན་དུས་རྣམ་ཤེས་གསོན་པོའི་ངར་ཤུགས་རྒྱས་ཅན་ཡིན།།

ད་ནི་གཟུགས་མེད་ཞིག་ནས་མཁའ་ལམ་བཙལ་བའི་གཞོན་ནུ་ཞིག་གི་ཚུགས་ཀ་དེ།།

བྱད་གཟུགས་ཤིག་ལ་མིག་ཟུང་ཅེར་བའི་ཡིད་ལྷུང་མཚོ་ཁའི་གདོང་རིས་དང་བཅས་ཏེ།།

མཚོ་མོའི་རླབས་རྩེ་ཞེ་རུ་འཕོག་ཚེ་ངག་རྒྱུད་རིང་མོའི་རྟོགས་བརྗོད་སེམས་སུ་འབབ།།

ཚེ་རབས་ཤིག་ལ་རྨི་ལམ་བཏང་བའི་ཉིན་ཞག་མང་པོའི་འབྱུང་རྐྱེན་བརྡོལ་བ་སོགས།།

ནང་སེམས་ཤིག་ལ་གསེར་ཡིག་བྲིས་ཏེ་དམ་བཅའ་འོག་ཏུ་གཏན་ཚུགས་ཤིག་གི་ངལ་དུབ་སེལ།།

ང་ཡིས་བླངས་བའི་གཞས་ཆུང་དེ་ལ་ཁྱོད་ཀྱི་སེམས་པ་དཀྲོལ་རབས་མཆིས་ཀྱང་རུང་།།

ཤིས་ཚིག་འབྲི་བའི་དུས་ཡུན་ནང་ལ་གསེར་ཡིག་ཐིག་ལེའི་དངོས་གྲུབ་བསྩལ་བར་མེད།།

ཐམས་ཅད་ངག་ལ་སེམས་པ་མ་འཁྲེན་ཚེ་རབས་ལས་ཀྱི་རྗེས་བཟུང་དག་བོས་ནས།།

གློ་དཀར་གཞུང་དྲང་སེམས་པ་གསོ་བའི་མི་ཡི་ནང་ནས་འཕགས་པ་ཡིན་ཞེས་གྲགས།།

དབྱངས་ཀྱི་སྐར་མའི་སེམས་པ་འཁྲུངས་བའི་ཞེ་མདངས་རེ་རེའི་ཡིད་དུ་འཁྲུངས་བ་འདི།།

ཁྱོད་ཀྱིས་བླངས་བའི་ཚངས་མགུར་སྙན་མོའི་ཉིན་མཚན་རེས་མོར་དབྱངས་ཆར་སེམས་སུ་འཐིམ།།

ག་ལེར་ལྡང་བའི་སྤྲིན་དཀར་ཕུང་པོ་མེ་རུ་བསྲེགས་པའི་སྣང་བ་གཟིགས་ཀྱང་རུང་།།

སེམས་པ་ཤོང་སའི་སྒང་གཤོང་ཞིག་ལ་བརྩེ་བའི་འཕྲིན་པ་རྩྭ་ཟིལ་སྟེང་དུ་ཡོད།།

ང་ཡི་གྲིབ་མ་མེ་ལོང་ངོས་སུ་བྱད་གཟུགས་སྐྱ་བོའི་ཁ་དོག་ངོམ་བཞིན་དུ།།

མཚར་སྡུག་ངོམ་པའི་གཞོན་ནུ་ཞིག་ལ་འཕྲིན་པ་སྐྱ་བོས་བཀུག་ལན་ཡོད་དམ་ཅི།།

ཚེ་རབས་འདི་དང་ཕྱི་མའི་གང་དུ་མདུན་དུ་བཤམས་པའི་དབྱངས་ཅན་མ་དང་མཚུངས།།

སེམས་འདི་ནེམ་དུས་སྐར་མའི་མེ་ཏོག་བྱ་ཁྱུ་བཞིན་དུ་མཁའ་ལམ་ངང་ནས་གྱེས།།

བརྡ་ཡིས་མཚོན་པར་བྱེད་ནུས་འགགས་པའི་གཡས་གཡོན་གཉིས་ཀྱི་མེ་ཏོག་དཀར་ནག་ལ།།

འཇིགས་སྣང་མ་སྐྱེས་གཞལ་ཡས་དེ་རུ་སེམས་པ་གསོ་བའི་གཞོན་ནུ་དེ་ཡིས་ཚིམས།།

སྒྱུ་མའི་སྟངས་སྟབས་སྨུག་པའི་ལ་ནས་ལས་ཀྱི་གྲིབ་མས་ཁྱོད་རང་བསྒུག་ཙམ་བྱས།།

ཡིད་བརྙན་རག་མའི་སྣང་བ་བཅོམ་པའི་ཁྲ་བའི་མེ་ཏོག་རུལ་སུངས་བྱུང་བ་འདི།།

གཉུག་མ་རླུང་གིས་ཙག་རླུང་ལྡང་བའི་དཔྱིད་ཟླ་འགོ་མའི་མེ་ཏོག་བྱུང་བས་ཡིན།།

ཡིད་སྨྲེང་བྱུང་བའི་གཏམ་རྒྱུད་དེ་ལ་སྨྲེ་ངག་ཕྲེང་བའི་མིག་ཏུ་བཟུང་བ་འདི།།

འཇིག་རྟེན་དཀར་ནག་འཁྲུལ་བ་ཡིན་པས་གཙང་བོའི་ངོགས་ཀྱི་རླབས་རིས་ངང་གིས་སོ།།

ཐོབ་དང་རེག་དང་བདེ་ཚོར་སྒྱུ་མའི་རང་སྣང་གསལ་བོར་སེམས་སུ་མི་གསལ་ཡང་།།

སྒྲུང་འགོ་བྲིས་སའི་ཤོག་བུའི་སྟེང་དུ་དབུ་ཁྱུད་རི་མོ་དལ་མོའི་ངང་གིས་ཤེས།།

ལས་ཀྱི་གྲིབ་མའི་སྟངས་སྟབས་དེ་རུ་ཆོ་འཕྲུལ་ཟབ་མོའི་དཀྱིལ་འཁོར་ངོགས་གཉིས་ལ།།

ཁྱོད་ཀྱི་བྱད་གཟུགས་ཝ་ལེར་གསལ་ཞིང་ཀུ་མུད་མེ་ཏོག་མཚུངས་པར་དེ་བས་རྐྱེན།།

བདག་ཉིད་ཟེར་བའི་ལས་ཤིག་བྲིས་ཏེ་ཡིད་ཀྱི་ལྗོངས་སུ་དྲན་སེམས་དར་སྐུད་འགྱུར།།

བརྩེ་བའི་ངང་གི་སྐུད་པའི་སྣེ་རུ་དགུ་སྒྲིལ་དམ་པོའི་སེམས་ཀྱི་མཚོན་བྱེད་སྦྱར།།

སེམས་པའི་སྒང་དུ་འཇའ་ཚོན་འདྲ་འདྲའི་སྣ་མང་ལུས་ཀྱིས་སྟངས་སྟབས་མངོན་ན་ཡང་།།

ནང་སེམས་ཕུགས་སུ་འཆར་ཡན་མ་དེའི་སེམས་པ་གསོ་བའི་ཐབས་ལམ་མེད་ཀྱང་རུང་།།

སེམས་པ་ཞིག་ལ་བརྩེ་གཞས་བླངས་སའི་སྒྲོམ་གཞི་ཆེ་བའི་སྟེགས་བུ་ཞིག་ཏུ་གྱུར།།

མིའི་སེམས་གཡོ་བའི་གར་མཁན་ཀློང་ནས་ཁྱོད་ལུས་པད་མ་རྫས་ཀྱིས་བཅོས་པར་མེད།།

གཉུག་མའི་ཀློང་ནས་འཇིག་རྟེན་བསྐྲུན་པའི་འཕགས་མ་ཞིག་ལྟར་བྱད་གཟུགས་སེམས་སུ་ཡག།

གང་ནས་བལྟས་ཀྱང་ཡིད་འཕྲོག་བུ་མོའི་སྐྲ་ལོའི་བར་ནས་བརྩེ་བའི་ཕྲེང་བ་སོགས།།

སྟག་ཤར་སྟོང་གི་སེམས་པའི་ཀློང་ནས་སྟ་གོན་དམ་པོའི་འདུ་ཤེས་བཅངས་བཞིན་གདའ།།

མཚན་བཟང་གསོལ་ཞིང་བརྩེ་བའི་རི་མོ་དགུང་ལ་བཏེགས་པའི་སེམས་ཀྱི་འཆར་ཡན་དུ།།

སེམས་སུ་སྨིན་པའི་དྭངས་གཙང་ངོགས་ཀྱི་ཁྱོད་རང་བྲིས་ཏེ་སྤྲིན་དཀར་ངོགས་སུ་གཏོང་།།

སྤྲིན་དཀར་ཕང་ཕུང་ཆར་ཆུ་གྱུར་ཞིང་དྭངས་གསལ་ངོགས་སུ་རླུང་བུ་རྟ་རུ་བཞོན།།

པྲ་ཆལ་སེམས་པས་སྒེའུ་ཁུང་ཕྱེས་ཏེ་རྒྱང་རིང་ཞིག་ལ་རྒྱང་རིང་དྲིས་ཏེ་འཕུར།།

གནའ་གཏམ་བཅོལ་སའི་ཐང་ཆེན་དེ་རུ་གཞས་དབྱངས་ལྷ་མོའི་གྲེ་འགྱུར་ཤར་དུ་གཏོང་།།

བས་མཐའ་དེ་རུ་སིལ་སིལ་ངག་གིས་དབྱངས་རྟ་དཀྲོལ་ཞིང་སེམས་པ་དེ་རུ་གཡེང་།།

མཚན་མོ་ཞིག་གི་འདང་དྲག་བྱུང་བའི་གཏམ་རྒྱུད་ཅིག་གིས་གཉིད་སད་རྒྱག་པ་འདི།།

ཁྱོད་ཀྱི་ལུས་ལས་སྐྱེ་བ་ཞིག་གི་ཚེ་རབས་མོད་པོའི་རྣམ་ཤེས་འདྲོགས་པས་ཡིན།།

ལྕང་ལོ་གཡོ་བའི་སྟོན་མཇུག་མཚམས་སུ་ངང་ཚུལ་བཅོས་མིན་རྣམ་ཤེས་རྒོད་པོ་དེ།།

སྨྲེང་བའི་འདབས་སུ་མགུར་མ་བྲིས་པའི་བུ་མོ་ཞིག་གི་སྐུ་ལུས་ཤིག་ལ་འཇགས།།

གཉུག་མའི་རླུང་ལས་གཞས་དབྱངས་མགུར་མ་མཁའ་འགྲོའི་ཚོགས་ནས་དེ་ཙམ་འདུག།

ལས་ཀྱི་བར་སྣང་ཚོགས་དྲུག་འཁོར་ལོ་ནང་སེམས་གླེགས་བམ་དལ་གྱིས་དཀྲོལ་བས་ན།།

ས་རྡུལ་བྱེ་མའི་འབྱུང་བཞི་འཁྲུགས་ནས་གཞོན་ནུ་ཁོང་གི་རྟོགས་བརྗོད་གྲང་གིས་བཅོམ།།



  • ལེ་ཚན་སྔོན་མ།:སྙན་ངག་ནི་ངའི་བུ་རྒྱུད་དང་ཆུང་མ་ཡིན།
  • ལེ་ཚན་རྗེས་མ།:སེང་ལྕམ་འབྲུག་མོ།