དབྱངས་ཅན་མ།

འོ་སེ།        2019-06-14

ཟླ་བའི་འོད་ལ་འཁྲེང་བ་ཡིས། །

ཁྱེད་ཀྱི་ཞལ་རས་ཡིད་ལ་བྱེད། །

ནག་ནོག་བྲལ་བའི་ཞལ་དཀྱིལ་གྱིས། །

ཟླ་བའི་དཔལ་ཡང་ལྷག་པར་འཕྲོག །

འགག་མེད་གསུང་གི་ང་རོ་ཡིས། །

དྲི་ཟའི་ངག་ལ་དམའ་འབེབས་པ། །

བདག་ནི་སྙན་ངག་འདོད་པ་ཡིས། །

དད་གདུང་དྲག་པོས་བཟི་གྱུར་ཏེ། །

ཁྱོད་ཀྱི་བྱིན་རླབས་ཡང་ཡང་འཐུང་། །

མཚན་དང་དཔེ་ཡི་ཆ་བྱད་དག །

ཡིད་ཀྱིས་རེག་ཅིང་མྱོང་བ་ན། །

རབ་དཀར་ཞལ་དཀར་ཟླ་བ་ནི། །

ཡིད་ཀྱི་མཁའ་རུ་གསལ་ལེར་ཡོང་། །

དཀྱུས་རིང་འདྲེན་བྱེད་ཨུཏྤལ་ཟུང་། །

རི་དྭགས་མིག་བཞིན་གཡོ་ཞིང་འོང་། །

འཇམ་མཉེན་ཕྱག་ནི་ལྕུག་ཕྲན་བཞིན། །

པད་དཀར་འདབ་ལྟར་རབ་ཏུ་མཉེན། །

སྙན་འཇེབས་མགྲིན་པའི་སྒྲ་དབྱངས་ནི། །

ཡན་ལག་དྲུག་ཅུས་དྲངས་པ་བཞིན། །

ཨེ་མ་མཚུངས་མེད་ངག་དབང་ལྷ། །

བདག་གི་ལུས་ངག་ཡིད་གསུམ་ལ། །

ཁྱེད་ཀྱི་བྱིན་རླབས་ཉེར་ཞུགས་ཏེ། །

རིག་བྱེད་ཚིག་གི་སྣང་བ་སྩོལ། །

ཀྱེ་མ་ལྷ་མོ་དབྱངས་ཅན་མ། །

བདག་ཡིད་ཏིང་འཛིན་སྒྱུ་འཕྲུལ་དུ། །

ཅིས་ཀྱང་བཞུགས་ནས་སྙན་ངག་གི །

བདུད་རྩིའི་སྦྲང་ཆར་འགྱེད་པར་ཤོག །


དུས་ཚོད་རུམ་པའི་རྨི་ལམ་པ།


དུས་ཚོད་ཀྱི་ཧྲག་བར་ན།

དབུལ་ཞིང་ཕོངས་པའི་ཚེ་སྲོག་གི་ལྦུ་བ་ཞིག

སྐར་ཆ་རེ་རེ་བཞིན།

རྨི་ལམ་དུ་དུས་ཚོད་ཁོ་ན་རྨིས་ནས།

གཉིད་དུ་གཡུར་ཡོད།


མི་རྟག་པའི་གྲིབ་སོ་ན།

ངེས་འབྱུང་གི་ལོ་མ་ཧྲལ་པོ་ཞིག

སྐར་ཆ་རེ་རེ་ལའང་རྨི་ལམ་ལས།

མི་རྟག་པ་ཁོ་ན་རྨི་བཞིན།

གཉིད་དུ་གཡུར་ཡོད།


ལྷ་ཁང་ནང་དུ།

གསུང་རབ་འབུམ་ཕྲག་གིས་སྔས་མགོ་བྱས་ཏེ།

སྐར་ཆ་རེ་རེ་བཞིན། རྨི་ལམ་དུ།

སང་ཉིན་སང་ཉིན་བསྒོམས་ནས།

བྱིས་པ་ཞིག་གཏན་དུ་གཉིད་ལ་གཡུར་ཡོད།

  • ལེ་ཚན་སྔོན་མ།:སེམས་ཀྱི་རྟ་ཕོ་མཐུར་མེད།
  • ལེ་ཚན་རྗེས་མ།:དམའ་འབྲིང་དུས་སྐབས་ཀྱི་རབ་བྱེད་གོ་བདེ་མ།