སྙན་ངག་མཚན་པ་གཉིས།

ལྗང་རླུང་།        2019-04-29

    རྨི་ལམ་བོར་བའི་ཉིན་ཞིག་ལ།


ས་གཞིའི་རྒྱ་ཁྱོན་དང་བར་སྣང་གི་ཉི་འོད་ལ་དབྱེ་བ་མི་འདུག

མིག་འབྲས་ཆེར་གདང་བཞིན་གྲལ་གཞུག་ཏུ་ཙོག་པུར་བསྡད་ཚེ།

ཡིད་ཀྱི་ཕངས་སེམས་དང་མཉམ་དུ་བསྒྲགས་པའི་འབོད་སྒྲ་དེས།

ཁུ་སིམ་མེར་བཞུགས་པའི་ཚོགས་ཁང་གི་ལྷིང་འཇགས་དཀྲོག་

པར་བྱེད།

འཕུར་རྩལ་ལ་གཤོག་པ་ཐོགས་པའི་གཞོན་ནུ་མ་ཞིག་གིས།

བདག་གི་བུམ་པའི་ནང་དུ་དམར་སྨུག་གི་རིལ་བུ་ཞིག་བླུགས་སོང་།

ཤེལ་བུམ་དམར་སྨུག་གྱུར་པའི་ཚུགས་ཀ་དེས།

སྨོན་འཇུག་གིས་བསྡུས་པའི་རྣམ་ཤེས་ཀྱི་བུང་བ་ཁྲ་མོ།

འཇའ་འོད་ཀྱི་ལྷ་མོ་ཞིག་ཏུ་བསྒྱུར་ཏེ་ང་ཉིད་ཀྱང་རྨི་ལམ་ལས་

ཁྲིད་སོང་།

ཚ་བ་དང་བ་སྤུ་ལྷན་དུ་ལྡང་ཚེ།

བདག་གི་སྲིད་པ་འཁོར་ལོ་ལས་འགུལ་བའི་སེམས་ཅན་གྲངས་མེད།

ལྷ་མོའི་མེ་ལོང་ནང་གི་ཐལ་རྡུལ་སྦར་མོ་གང་དེའོ།།

མཐོང་མི་འོས་པའི་སྣང་བ་དེས།

མར་མེ་དང་རྣམ་ཤེས་གཅིག་ཏུ་སྦྲེལ་སོང་སྟེ།

བག་ཆགས་དང་དཀའ་བ་ཡོད་ཚད་མུན་ཁུང་ནས་ཁུར་བ་བྱའོ།།


    ང་རང་ཁྱོད་ལ་རྨོངས་འདུག


བར་སྣང་མཐོང་འདོད་ཀྱིས་མགོ་བོ་ཕྱིར་སྲིང་ཡང་།

སྤྲིན་པ་དང་སྤྲིན་པ་ཐིབས་ཤིང་རྡུལ་ཕྲན་གྱི་གར་ཁང་ནས།

རྨི་ལམ་དུ་བྲིས་པའི་སྒྲུང་གཏམ་རིང་མོ་ཞིག་ལས།

ཅི་ཞིག་ལུས་འདུག་པའི་ལྷ་མ་དེ་མཐོང་བར་དཀའ།

སྲུང་ལམ་དུ་མགོ་བོ་འཐོམས་ཏེ་ལོ་འགའ་འགོར་རྗེས།

ཅི་ཞིག་འཚོལ་འདོད་ཀྱིས་སྐྱ་ལམ་དུ་ཆས་ཚེ།

འཇའ་འོད་ལ་བཏགས་འདུག་པ་དག་ཆང་ཕོར་བ་གང་ཡིན་ཆོག་སྟེ།

བྲག་ཆ་ལས་མཆེད་པའི་ཅོང་སྒྲ་དེས་བཟི་བར་བྱེད་སོང་།

ད་ནང་གསར་འགྱུར་ལས་བསྒྲགས་པར་བལྟས་ན།

རྐང་ཞ་ལག་འཐེང་གི་བེའུ་ཞིག་བཙོན་དུ་འཇུག་ཡོད་ཟེར།

ངས་བེའུ་དེའི་ཕྱོགས་སུ་ལངས་ནས་ཅི་ཞིག་འཆད་དགོས་སམ།

དབང་པོ་ལྔ་ཡང་དབང་པོས་སྡོམ་འགྲོ་བར་དོགས་ཏེ།

ངུ་ཤེས་པའི་དཔོན་ཆུང་དེ་གོ་གནས་འཕར་ཚུལ་གྱིས།

འཇིག་རྟེན་འདི་སུ་ལ་དབང་ངམ་ཞེས་དྲི་བ་རང་ལ་བཏོན་ཡོད་དོ།།


  • ལེ་ཚན་སྔོན་མ།:སེམས་ཀྱི་རུས་པ།
  • ལེ་ཚན་རྗེས་མ།:རླུང་གིས་འདེད་པའི་ཚོར་བ།