བསམ་འགྲུབ། 2019-04-26
༡
ཁ་བ་མར་མར་འབབ་དུས།།
རླུང་བུ་ཡར་ཡར་གཡུགས་བྱུང་།།
ང་དང་བྱམས་པའི་བར་ལ།།
གངས་དང་གཙང་བོས་བཅད་འདུག།
འདང་བརྩེ་ཁ་བ་དཀར་པོ།།
རླུང་གིས་ཕྱགས་ཐབས་མ་ཡོད།།
ནངས་མོའི་ཉི་རྩེ་ཤར་ན།།
ལྷག་ཏུ་དཀར་ལ་བུད་འགྲོ།།
མཚན་མོའི་རྨི་ལམ་ནང་དུ།།
ཁྱེད་རང་འཛུམ་འཛུམ་གནང་བྱུང་།།
ག་ལེེར་ཉེ་སར་བཅར་དུས།།
རྒྱང་ནས་རྒྱང་ལ་གྱེས་སོང་།།
འུ་གཉིས་འབྲལ་བའི་རྗེས་ནས།།
དྲན་པའི་གླུ་གཞས་མང་གི།
ཁྱེད་རང་ཡོད་སའི་ཕྱོགས་ལ།།
ཉིན་རེར་ཐེངས་རེར་བླངས་ཡོད།།
ཆུ་མོ་མར་ལ་ཤག་ཤག།
ཉ་མོ་ཡར་ལ་འཁྱུག་འཁྱུག།
ལམ་ཁ་གཅིག་པ་མིན་རུང་།།
གཏན་ནས་བྲལ་བ་མ་ཡོད།།
རྒྱ་ལྕང་ལོ་མའི་གསེབ་ནས།།
འཇོལ་མོ་ཀྱུར་ཀྱུར་གྲགས་པས།།
གོམ་གསུམ་ཕར་ལ་སྤོས་ན།།
ཕྱིར་མིག་ལན་གསུམ་ཤོར་འགྲོ།
མིག་ཟུང་བཙུམས་པའི་བར་ན།།
སྐྱོ་བའི་ན་ཟུག་ལྕི་སོང་།།
སྙིང་སྡུག་དུངས་སེམས་ཅན་མ།།
ད་ཆ་གང་དུ་ཡོད་རེད།།
སྟོད་ཀྱི་སྤྲིན་པ་གཡོན་འཁྱིལ།།
ཁྱེད་རང་ལྷོ་ལ་འགྲོ་ན།།
ང་ཡི་ཆུང་འདྲིས་བྱམས་པར།།
སྙིང་གི་ཚིག་གསུམ་ཁྱེར་རོགས།།
༢
ལ་གཅིག་ལ་གཉིས་བརྒལ་ནས།།
དཔོན་ཚང་ཟམ་ཁར་ཐོན་ཡོང་།།
དང་པོ་ཆར་གྱི་དངོས་གྲུབ།།
ང་སར་བབས་པ་འདྲ་བྱུང་།།
ཚེ་ལ་འདི་ཕྱིའི་བར་ནས།།
སེམས་སོང་བུ་མོར་འཕྲད་པ།།
ཡུན་གཅིག་སྔ་སོང་མ་ཟེར།།
ཐུན་གཅིག་འགོར་སོང་མི་བསམ།།
ན་ནིང་ཆ་མེད་རྒྱུས་མེད།།
ད་ལོ་ཞེ་འདྲེས་ཁྲག་འདྲེས།།
ལས་ཀྱི་བཀོད་པ་འདི་ཡང་།།
ལག་ན་ཡོད་ཡོད་འདྲ་ཨང་།།
ཏག་ཏག་སྟེས་དབང་སྣང་བ།།
ལས་ཀྱིས་གནང་བ་ལོས་ཡིན།།
སྐྱེས་པའི་སྐྱེ་བ་ཀུན་ཏུ།།
ཡང་ཐུག་ཡང་འགྲོགས་ཡོང་ཞུ།།
ཟུར་མིག་འཕེན་ཐེངས་ཤིག་གིས།།
ང་ཡི་སེམས་པ་རྐུས་སོང་།།
གཏན་དུ་འགྲོགས་རྒྱུ་བྱུང་ན།།
རྐུས་རུང་འགྱོད་སྣང་མི་འདུག།
མི་ཚོགས་བརྒྱ་འདུས་སྟོང་འགྲོ།།
ཡོད་ཡོད་ཡིད་དུ་མ་སོང་།།
སེམས་སོང་བུ་མོའི་ཕྱོགས་ནས།།
མིག་ཟུང་ལན་གཅིག་མ་འཁྲུལ།།
ཉིན་མཚན་བརྒྱ་འདས་སྟོང་ཚར།།
ཚོར་སྣང་གཞན་དུ་མ་ཤོར།།
མཚན་མོའི་སྙིང་གཏམ་ཚིག་གསུམ།།
ད་དུང་རྣ་བར་ཤབ་ཤུབ།།
དགུན་ཟླ་བཙན་པོའི་གཞུང་ལ།།
ཁ་བ་ལྷབ་ལྷུབ་བབས་བྱུང་།།
ང་རང་འཁྱག་སྣང་མ་སྐྱེས།།
སེམས་པ་དྲོད་ཀྱིས་ཁེངས་ཡོད།།
རྩོམ་གསར། 10