སྣང་བ་སྨྲེང་བས་ཁྲིད་པའི་མགུར།

མགར་ཐང་དཀར།        2019-04-10

སྣང་བ་སྨྲེང་བས་ཁྲིད་པའི་མགུར།

དགུང་ལ་ཉི་ཟླ་སྐར་གསུམ།།

ས་ལ་པདྨ་འདབ་བརྒྱད།།

སེམས་པའི་ནང་སྙིང་བྲུས་ན།།

འོལ་ཚོད་ལབ་གླེང་ཡིན་འདྲ།།

དང་པོ་ཡར་ཀླུང་ཕྱོགས་ནས།།

མིག་ཟུང་རྒྱང་ལ་ཅེར་ན།།

རྒྱང་བཞུད་ཁུ་ལོ་མ་གཏོགས།།

སེམས་གཞས་འཐེན་ས་མ་བྱུང་།།

ཁུ་ལོ་ནགས་ཀླུང་འགྲིམས་དུས།།

མཐོངས་ཡངས་ནམ་མཁའི་ངོས་སུ།།

ཁུ་ལོས་གསུང་སྐད་བཏང་ཡང་།།

མཇལ་འཛོམས་སྐལ་བ་མ་བྱུང་།།

གཉིས་པ་ཨ་མདོའི་ཡུལ་དུ།།

རྩ་བཞི་ལྷོད་ལྷོད་གནང་ཡང་།།

བྲེལ་འཚུབ་གཏམ་གྱི་རླུང་བུས།།

དབང་ཀློང་དཀྲུག་དཀྲུག་གནང་སོང་།།

གཏམ་ལ་སྣུམ་ཚོན་བྱུགས་དུས།།

སེམས་པར་གས་ག་བཏང་བཞག།

གས་གར་ལྷན་པ་རྒྱག་དུས།།

རྣམ་ཤེས་སྦྲང་ཆུང་འཕུར་སོང་།།

གསུམ་པར་ཕ་ཡུལ་ཕྱོགས་ནས།།

སྣང་བའི་སྣ་གླུ་བླངས་སོང་།།

སྣང་བར་རྒྱགས་ཕྱེ་མེད་ན།།

སྣ་གླུ་ལོན་ས་མ་རེད།།

གོམ་པའི་འདེགས་འཇོག་བར་ནས།།

གོམ་ཁ་རྡོ་ལ་འཐོགས་སོང་།།

གོར་མོ་རྡོ་ཡི་རྩ་བ།།

ལག་པའི་ཁོགས་ས་མ་རེད།།

དབུས་ནས་ཨ་མདོའི་བར་དུ།།

སྣང་བར་མགུར་གླུ་བཏབ་བཞག།

མགུར་ལ་མངར་ཁ་ཆེ་བས།།

གདངས་ཀྱི་གར་སྟེགས་བཞེངས་ཐལ།།

སྣང་བ་རང་ཡན་ཞིག་ལ།།

ཚིག་གི་མདུད་པ་བརྒྱབ་སོང་།།

དུང་བ་གཉོམ་པོ་ཞིག་ལ།།

གཏམ་གྱི་ལྕགས་སྒྲོག་བརྒྱབ་སོང་།།

ཉམ་ཐག་མགོ་བོ་དུད་ཡོད།།

མཛའ་གཅིག་ལག་རྡང་ཞིག་མེད།།

ཆ་ལུགས་ཆོམ་རྐུན་བཏགས་ཡོད།།

སེམས་བརྐོས་རི་མོ་བསུབ་མེད།།

དུས་འཁོར་ཆུ་བོའི་རྒྱུན་ཡིན།།

ཐང་དཀར་བྲག་དམར་ཐེམ་ཡིན།།

སྣང་བ་བྱེ་མའི་ཐང་ཡིན།།

མགུར་གླུ་སྨྲེང་བའི་འབྲུ་ཡིན།།


  • ལེ་ཚན་སྔོན་མ།:རྨི་ལམ།
  • ལེ་ཚན་རྗེས་མ།:དེ་དུས་ཀྱི་ཞོགས་པ།