དུང་སེམས་ངག་གི་རླབས་ཕྲེང་།

བདེན་སྨྱུག        2019-03-22

སྒེའུ་ཁུང་ཕྱི་རོལ་གྱི་ལྷག་རླུང་གྲང་ཤུར་ཤུར།།

ནང་དུ་ལྷིང་འཇགས་སྤྱིལ་ཆུང་འཁྱག་སིབ་སིབ།།

ཁེར་རྐྱང་མི་ཧྲེང་གི་གྲིབ་གཟུགས་འཇིག་ཡེར་ཡེར།།

མུན་ནག་གྱོན་མཁན་གྱི་མཚན་མོ་སྟོང་ལྷང་ལྷང་།།

དགོན་འདབས་ཕོ་བྲང་གི་གཡེར་དྲིལ་སྒྲ་སིལ་སིལ།།

བྱིས་པའི་དཔེ་ཀློག་གི་དབྱངས་རྟ་གསལ་ལྷང་ལྷང་།།

བླ་མའི་གདམས་ངག་གི་གྲུ་ཆར་འཇམ་བསིལ་བསིལ།།

ཆོས་ཀྱི་བྱིན་བརླབས་ཀྱི་དྲོལ་ཁོལ་འོད་ལམ་ལམ།།

མི་ཚེ་དོན་ལྡན་གྱི་འདུན་པ་དཀར་ཡུག་ཡུག།

ཆོས་གྲོགས་མཛའ་མཐུན་གྱི་འོ་ཆུ་དཀར་དུང་དུང་།།

བརྩོན་པའི་རྟ་ཕོ་ཡི་གོམ་ཁ་མགྱོགས་མྱུར་མྱུར།།

རེ་འདུན་རྨི་ལམ་གྱི་ལམ་སྣེ་བདེ་འཇམ་འཇམ།།

མི་རྟག་འཇིག་རྟེན་གྱི་ལྟད་མོ་ངོ་མཚར་མཚར།།

མཚན་མོ་གྲོང་ཁྱེར་གྱི་ཕྱོགས་ཀུན་དབེན་འཇགས་འཇགས།།

ཆོས་རྒྱུད་སྡང་སེམས་ཀྱི་ལྟ་བ་མཚོ་འཕྱུར་འཕྱུར།།

ཡོད་ན་རིན་ཐང་གི་ནོར་བུ་ཆུང་དོག་དོག།

མེད་ན་འགྱོད་གདུང་གི་མིག་ཆུ་ཆུ་བཞུར་བཞུར།།

ཕྱི་དྲན་ལོ་རྒྱུས་ཀྱི་དེབ་ཐེར་སྐྱ་ཐིང་ཐིང་།།

མི་ཚེ་རིང་བོ་དེ་མྱུར་མོ་བྱ་འཕུར་འཕུར།།

ངུར་སྨྲིག་ཁ་དོག་གི་གཏམ་རྒྱུད་འཇམ་བསིལ་བསིལ།།

ཁ་རུ་འཇམ་མཉེན་གྱི་དྲི་ཞིམ་བསུང་འཐིལ་འཐིལ།།

ཁོག་ཏུ་ཕྲག་དོག་གི་ཚེར་མ་གཟེངས་རྣོ་རྣོ།།

ཕ་སྐད་ཟེར་མཁན་གྱི་མི་བུ་འབྲུག་གྲག་གྲག།

མངོན་སུམ་ལག་ལེན་ཏུ་འདེབས་དུས་ཕག་གཉིད་གཉིད།།

དཔྱོད་ལྡན་ཡིན་ཁུལ་གྱི་མགོ་འཕང་རི་མཐོ་མཐོ།།

དོན་མེད་དགག་བཞག་གི་མདའ་མོ་ས་གཡུག་གཡུག།

ནང་ལ་སྡང་སེམས་ཀྱི་ཕྲག་དོག་མེ་འབར་འབར།།

རྗེས་ལུས་མི་རིགས་ཀྱི་སྙན་པ་གནག་མོག་མོག །

སྐད་དང་ཡི་གེ་ཡི་ནོར་བུ་འོད་ལམ་ལམ།།

ཡུལ་སྐད་ལུང་སྐད་ཀྱི་སྐད་རིགས་མགོ་ཉོག་ཉོག།

འདྲེ་སྐད་སྣ་མང་གི་མིང་བརྡས་ཉོག་དཀྲུགས་དཀྲུགས།།

བོད་པའི་བརྡ་སྤྲོད་ལྟར་སྤྱོད་པ་གལ་ཆེ་ཆེ།།

སྔོན་བྱོན་མེས་པོ་ཚོའི་བཀའ་དྲིན་མཚོ་ཟབ་ཟབ།།

ལུས་སྲོག་གཏོང་མཁན་གྱི་ལ་རྒྱ་ཤ་ཐང་ཐང་།།

བཅུ་ཕྲག་རིག་གཞུང་གི་ངོ་བོ་སྲོག་གཅེས་གཅེས།།

འཛིན་སྐྱོང་སྤེལ་གསུམ་གྱི་ལས་ལ་རུས་འབད་འབད།།


  • ལེ་ཚན་སྔོན་མ།:སྡེ་ཆེན་མཁའ་འགྲོ་དྲན་པའི་ཐོལ་མགུར།
  • ལེ་ཚན་རྗེས་མ།:སྣང་བ་གླུ་རུ་ལེན་པ།