མི་ཉག་སྐྱ་གད་ཡུལ་ལ་བསྟོད་པ།

བསོད་ནམས་རིན་ཆེན།        2019-03-15

མི་ཉག་གངས་དཀར་རི་བོ་གནམ་གྱི་ཀ།

དེ་ཡི་འདབས་ན་ལྷུན་གྱིས་ཆགས་པ་ཡི།།

བདག་གི་ཕ་ས་མི་ཉག་སྐྱ་གད་ཡུལ།།

ངོ་མཚར་ལྷ་ཡི་ཚལ་དང་གཅིག་ཏུ་མཐོང་།།


རི་ཁུག་ཞེས་ལྟར་སྙན་དཀར་གྲགས་པ་ནི།།

རིང་དུ་སོང་བའི་དགོན་ཆེན་ཕང་བ་རུ།།

འདུས་པའི་བན་སེར་མང་པོའི་ཚོགས་པ་ཡང་།།

བར་སྣང་མཚམས་སྤྲིན་ཉིད་དང་གཅིག་ཏུ་ངེས།།


དེ་རུ་དད་ལྡན་མང་ཚོགས་མང་པོ་ཡིས།།

དཀར་པོ་ལས་ལ་འཇུག་པའི་སྦྱོར་བ་རྩོམ།།

ཡུལ་ཁམས་འཆམ་མཐུན་བཀྲ་ཤིས་གཡང་འཛོམས་པ།།

མཐོ་རིས་ལྷ་ཡི་ཚལ་དང་གཅིག་ལྟར་གྲུབ།།


གཞན་གྱི་ཡུལ་ན་མེད་པའི་ཡིད་འོང་གི།

འོ་སེ་མེ་ཏོག་བཞད་པའི་ལང་ཚོ་ནི།།

སྟེང་ཕྱོགས་ལྷ་ཡི་ཡུལ་ནས་ལྷ་མོ་ཞིག།

བབས་པ་དང་མཚུངས་ཨེ་མ་རྨད་དུ་བྱུང་།།


ཁྱིམ་ཚང་རེ་རེའི་ར་བར་སིལ་སྡོང་མགོར།

ཞིམ་མངར་ཀུ་ཤུ་མུ་ཏིག་ཐོགས་པ་བཞིན།།

མིག་ལ་བཀྲ་ཞིང་བསུང་ངད་ཁྱབ་པ་ཡིས།།

ཐག་རིང་ཡུལ་གྱི་མགྲོན་དགའ་བས་མྱོས།།


ལི་ཆུ་གཙང་མ་ཁ་བཏགས་དཀར་པོ་བཞིན།།

ས་འཛིན་ཕང་ནས་དལ་གྱིས་རྒྱུ་བ་ནི།།

ང་ཚོའི་མ་ཡུམ་མཆོག་སྟེ་གང་དེ་ཡིས།།

ཆབ་རྒྱུན་གཙང་མས་ས་གཞི་བརླན་པར་བྱས།།


གྲོ་ནས་ཞིང་གི་སྙེ་མ་ནི།།

ལྡེམ་ལྡེམ་མགོ་ལྕོག་གཡོ་བ་ཡང་།།

ཆུ་གཏེར་ཆེན་པོ་གཡོ་བ་ཡི།།

རླབས་ཀྱི་ཕྲེང་བར་ཡང་དག་མཚུངས།།


བརྗིད་ཆགས་མི་ཉག་མཁར་རྫོང་ནི།།

ཕྲེང་བ་བཞིན་དུ་བསྒྲིགས་པ་ནི།།

ལྷ་ཡི་ཕོ་བྲང་ཆེན་པོ་ལ།།

ཅོ་འདྲི་བྱེད་པར་འདོད་པ་བཞིན།།


ནམ་ཞིག་དུས་སྟོན་ཚེས་པ་ན།།

མི་རྣམས་དགའ་བདེ་དཔལ་འཛོམས་པའི།།

གར་གྱི་སྟངས་སྟབས་བསྒྱུར་བ་ཡང་།།

མི་ཉག་སྒུར་བྲོ་ཞེས་ལྟར་གྲགས།།


སྤྲིན་དང་སྨུག་པའི་གསེབ་ཏུ་སྦས་པ་ཡི།།

རབ་དཀར་མི་ཉག་གངས་དཀར་རི་བོ་ཞེས།།

རྩེ་མོ་ལྷ་ཡི་ཡུལ་དུ་ཟུག་པ་ལ།།

ཀུན་གྱིས་ཡ་མཚན་མིག་བཅས་དེ་ལ་ལྟ།།


དེ་ལྟར་དཔལ་དང་འབྱོར་བ་ཕུན་ཚོགས་པའི།།

བདག་གི་ཕ་ཡུལ་ཡིད་འོང་སྐྱ་གད་ཡུལ།།

དེ་ཡི་དགེ་མཚན་བསམ་གྱིས་མི་ཁྱབ་པ།།

ཡི་གེ་གཟུགས་སུ་བཀོད་པར་དཀའ་ན་ཡང་།།


རང་གི་ཡུལ་ལ་དུངས་བའི་བརྩེ་བ་ནི།།

རང་བྱུང་སྙིང་གི་དབུས་ན་གནས་པ་འདི།།

རང་ཡུལ་བསྟོད་པའི་མེ་ཏོག་རབ་གཏོར་བ།།

རང་གཞན་དགའ་བའི་དཔལ་དུ་སྨིན་གྱུར་ཅིག།


  • ལེ་ཚན་སྔོན་མ།:སྙིང་སྡུག
  • ལེ་ཚན་རྗེས་མ།:སྟོན་གྱི་དགའ་སྐྱོ།