རྣམ་རྟོག་གི་དུ་ཞགས།

ཚུལ་ཁྲིམས་ལེགས་བཤད།        2019-01-28

འཇིག་རྟེན་མི་ཡུལ་སྐྱིད་དམ་མི་སྐྱིད།།

རྣམ་རྟོག་སེམས་ཀྱི་རི་མོ་འཁྱུག་ཚུལ།།

འཚོ་བའི་གཞུང་ཤིང་སྐྱིད་ཅིག་ཡིན་ན།།

གན་གྱི་མི་ཚོགས་སྐྱོ་བས་མྱོས་སམ།།

སྲིད་པའི་བྱེ་ཐང་སྡུག་གིས་གྲུབ་ན།།

བྱིས་པའི་སྣང་བ་རྩེད་དགོད་ཡོད་དམ།།


མངོན་སུམ་ཟེར་ན་སྣང་ལུགས་ཙམ་མོ།།

སེམས་པའི་ཉིན་སྲིབ་གང་ཡོད་ལྟོས་དང་།།

གྲིབ་བསིལ་སྟེར་བའི་ལྗང་ལོའི་དྲིན་དུ།།

གཙང་པོས་ཁུར་བའི་སྡང་ལོ་དྲན་ནམ།།

རྣམ་རྟོག་དེད་པའི་འཆར་སྒོ་ཐན་ཐུན།།

གཙང་པོར་ལྷུང་བའི་ཟླ་གཟུགས་འདྲ་འོ།།


ཁྱོད་དང་འུ་གཉིས་ཆུང་ནས་ཆེ་རེད།།

སྔོན་སོང་ལོ་ཟླ་སྐྱིད་ཅིག་དྲན་ནོ།།

རྩེད་དགོད་སྣང་བ་ཤེལ་ལྟར་དྭངས་རེད།

ན་ཚོད་ཁུག་ཀྱོག་གཡང་གཟར་ཐུག་དུས།།

རྣམ་ཤེས་ཁེར་མ་ཡར་མར་སྤུར་བ།།

སྲིད་པའི་ན་བུན་སྟུག་པོ་འཐིབས་ཡོད།།


བར་ཐག་ཟེར་བ་རི་ལུང་མ་ཡིན།།

མཉམ་འདུག་མ་རེད་སེམས་པས་ཁྱེར་སྟངས།།

ནང་སེམས་མཐུན་ན་འཇིག་རྟེན་འཚོ་བ།།

དྭངས་གཙང་རླངས་པ་དབྱིངས་ལ་ཐུལ་ལ།།

སུན་སྣང་སྨུག་པ་རི་ལས་སངས་འགྲོ །།

འཁོར་བའི་གཞིས་ཁྱིམ་ཆེ་ཆུང་མ་རེད།།


  • ལེ་ཚན་སྔོན་མ།:མར་མེ་རྐང་གཅིག
  • ལེ་ཚན་རྗེས་མ།:ཁྱོད་དྲན་པ་འདི་སྡུག་བསྔལ་ནག་པོ་ཞིག་རེད།