མཚན་མོ་དང་ཁེར་རྐྱང་།

ཀརྨ་ཚུལ་ཁྲིམས།        2019-01-25

ལྗིད་ཏིག་གེར་ཁུར་བའི་ཉིན་མོའི་ཀུ་ཅོ་དང་འུར་ཟིང་།

གཙང་ཁྲུས་ཐེངས་གཅིག་བྱས་རྗེས་མཚན་མོའི་ཁ་གཏད་དུ་འགྲེང་།

སྐར་མ་ལ་ལྟ་ནས་ལག་པས་འགྲམ་པ་སྐྱོར་དུས།

ཁུ་སིམ་ལ་བབས་པའི་སེམས་ཀྱི་ཁེར་རྐྱང་།

བསམ་གཞིག་གི་སྤྲིན་པ་རྒྱུན་མཐའ་དེད།

 

རྒྱང་རིང་དང་རྒྱང་རིང་གི་རྒྱང་རིང་།

འདས་སོང་དང་འདས་སོང་གི་འདས་སོང་།

ཡིད་ཀྱི་གཙང་ངོགས་ན་མེ་ཏོག་གཅིག་སྐྱེ་བའི་རིམ་པ་དང་བོར་བའི་རིམ་པ།

ཞོགས་པ་ནས་ས་སྲོད་བར་དུ་རྨས་པའི་སེམས་པ།

སྟབས་གོན་གྱི་སྤྲོ་འཛུམ་ཕྱི་ལ་ངོམ།

སྐྱོ་སུན་གྱི་དུས་ཚིགས་རུམ་དུ་བཅུག།

སོམ་ཉིམ་གྱི་གོམ་པ་ཕར་ཡོ་ཚུར་ཡོ།

བྲལ་གདུང་དང་སྐྱོ་གདུང་གི་ཁ་བ་ལེབ་མོ་བབས།

 

མཚན་མོའི་ལྷིང་འཇགས་ཀྱི་ཁ་གཏད་ནས་རང་ཉིད་སླར་ཡང་འཚོལ་དུས།

སྔོན་ཆད་ང་ཡི་རྩྭ་ཐང་ལ་ནག་ནོག་དང་བྲལ་བའི་མེ་ཏོག་ཡོད་པ་དྲན།

སྤྲོ་དགས་མྱོས་པའི་རྩེད་ར་དང་དུས་ཚོད་ཡོད་པ་དྲན།

དེ་དག་རེ་རེ་། དེ་དག་རེ་རེ་ནས།

དངན་པ་དང་རྙོག་འཛིང་གིས་ཕར་ལ་འདེད་ཟིན།

རྙེད་པ་དང་བོར་བ་རེ་རེས་རྒྱང་དུ་གཡུག་ཟིན།

ང་ཡང་གཡུག་ཟིན།

སོམ་ཉིམ་གྱི་ལམ་མདོ་རུ་གཡུག་ཟིན།


  • ལེ་ཚན་སྔོན་མ།:རི་བོ་འདི་ཡི་ཕ་རོལ་ཏུ།
  • ལེ་ཚན་རྗེས་མ།:མེས་པོ་ཚོ་དྲན་སྟངས་གཞན་ཞིག