དུར་བྱང་། (མགོ་ལོག) 2019-01-21
དུས་ཚོད་ཀྱི་ཐ་གུ་ཕྲ་མོའི་བདག་གི་ལང་ཚོ་སྙིང་རྗེ་
མེད་པར་འཐག་གིན་པ་འདྲ།
བདག་གི་སེམས་པ་དགུན་གྱི་ནམ་ཟླ་བཞིན་ཧ་ཅང་འཁྱག
ཁྱོད་ལ་དབང་བའི་གསང་བ་ཁོ་ན།
བཤད་དབང་མེད་པར་སྙིང་ཁར་མེ་ཏོག་ལྟར་ཏུ་བཞད།
ཨ་འཐས་སུ་གྱུར་བའི་སེམས་པ་འདི།
རྒྱང་རིང་གི་སྙིང་ཉེ་བའི་མི་ལ་འཁྲེང་།
སྲ་མཁྲེགས་སུ་གྱུར་བའི་ཁྱོད་ཀྱི་གཤིས་ཀ
ངའི་སྙན་ངག་དང་ཧ་ཅང་འཚམ།
ནམ་ཞིག ངས་ཁྱོད་ལ་སེམས་ཆུང་དགོས།
ཁ་ཆེམས་ལྟ་བུའི་སྙིང་གཏམ་བཤད་པ་ནི།
ང་ཁྱོད་ལ་དགའ་བའི་དན་རྟགས་ཡིན།
ཁ་བ་མ་བབས་པའི་སྔ་རོལ་ཏུ།
མིག་ཟུང་བཙུམས་ནས་ཁ་བའི་ཀློང་དུ་ཡུད་ཙམ་བསྡད་རྗེས།
བདག་གི་མཁུར་ཚོས་ལ་ཁ་བའི་འདབ་མ་དེ་དག་
མར་ལ་དལ་གྱིས་ལྷུང་།
འཁུས་ཆུང་གིས་བདག་ལ་ཁྱེད་ཀྱི་འོ་བྱེད་པ་དང་མཚུངས།
ཁ་བ་མ་བབས་པའི་སྔ་རོལ་ཏུ།
བདག་ནི་རང་བྱུང་ཁམས་དང་འགྲོགས་ནས་ཉེ་བར་བཅར་འདོད།
རྒྱང་རིང་ན་ནུབ་པར་དཀའ་བའི།
འཇིག་རྟེན་ཞིག་ཡོད་པ་བདེན་ནམ།
དུས་ངེས་མེད་དུ་འཆར་ཡོང་བའི།
ཁྱོད་ཀྱི་རྒྱབ་གཟུགས།
ན་ཚོད་རྒས་སོང་བའི་དུས་ཚིགས།
བརྩེ་དུང་གི་སྐམ་ཐན་བྱུང་བའི་ང་ཡི་སྐྱེ་མཆེད།
སོ་སྐྱེས་ཀྱི་སེམས་ངལ་ཆུ་སྟེང་ན་གཡེང་།
ལས་དབང་ནི་ཅི་ཞིག་གིས་བཅད་པ་ལྟར།
ཁྱོད་ནི་ལྷོ་དང་ང་ནི་ནུབ་ན་གནས།
ལན་ཆགས་ཀྱི་བུ་ལོན།
ལོ་ཟླའི་ཧྲག་བར་ནས་མིག་ཆུ་རྡོག་གཅིག
འཇིག་རྟེན་གྱི་མཁའ་དབྱིངས་སུ་གཏོར།
ངའི་སེམས་ཀྱི་ཉིན་སྲིབ་གང་རུང་དུ།
རྒྱུས་མེད་ཀྱི་བུ་མོ་ཞིག
ལན་ཆགས་ཀྱི་བུ་ལོན་ནང་བཞིན།
མིག་ཟུང་ཀེམ་ཀེམ་གྱིས།
ངའི་སེམས་ཀྱི་གཙང་ངོགས་བྲུག
སྟོན་མཇུག་ཅིག་ལ་ཁྲུང་ཁྲུང་ཡུལ་ལ་ལོག་ལྟར།
ཉིན་མཚན་མེད་པར་སེམས་ལ་འཁྱམ་ཉུལ་བྱེད།
དེ་ཡི་རྗེས་ནས།
ངས་སེམས་ཁྲལ་གྱི་ངང་ནས།
མི་ཚེ་གཅིག་ལ་སེམས་ཀྱིས་སྐྱོང་སྙིང་འདོད།
ཁྱོད་རང་མཚོན་པའི་དུས་ཚོད།
མཚན་མོ་དེར་མོ་རང་བུད་སོང་རྗེས།
ང་རང་སྐྱོ་ཞིང་གདུང་ནས།
འཚོ་བ་ལ་སྙིང་བོ་བྲལ་སོང་བ་དང་མཚུངས།
མཚན་མོ་དེར་གྲང་ཤུར་ཤུར་གྱི་རླུང་བུ།
གདུག་རྩུབ་ཀྱིས་ཕྱུར
ངའི་སྡུག་བསྔལ་དག་ལྷག་ལུས་མེད་པར།
གང་ཞིག་ཏུ་ཁུར་སོང་ན་ཅི་མ་རུང་།
སྲོད་མཐའི་མཚམས་སྤྲིན་གྱི་གསེབ་ནས།
ཡིད་དུ་འོང་བའི་ཁྱོད་ཀྱི་ངོ་གདོང་།
ངའི་སེམས་ངོགས་སུ་བཞུར་ཡོང་།
ཁྱོད་རང་མཚོན་པའི་དུས་ཚོད་ནི།
ང་རང་མི་སྐྱིད་པའི་དུས་ཚིགས་ཡིན།
ནང་མ་ཁང་ལྟ་བུའི་འཇིག་རྟེན།
ནང་མ་ཁང་ལྟ་བུའི་འཇིག་རྟེན་འདི་ནས།
ཞིབ་ཏུ་བསམ་ན་ང་ལ་ལོག་མལ་ཅིག་མེད་པ་འདྲ།
མི་རྣམས་འུ་ཐུག་ཐབས་ཟད་དེ་ཟུག་རྔུ་བླ་ལྷག་ཏུ་སྐྱེས་དུས།
མིག་ཆུས་སྐྱོ་གདུང་གི་རི་མོ་ཞིག་བྲིས།
རྩོམ་གསར། 10