ལི་ཐང་། རླུང་གཤོག 2019-01-16
དོ་ནུབ། ངས་འཇིག་རྟེན་གྱི་སྐྱོ་ངལ་ཡོད་ཚད་བསྐྱུར་ཏེ།
ཁྱོད་ཁོ་ན་དྲན་པར་བྱ། ཝེ་ནཱ་སི།
དར་མདོའི་དགུན་ཁ་ནི་ཅི་འདྲའི་འཁྱགས་པ་ལ།
ཁྱོད་དྲན་པའི་སེམས་པ་དེ་བས་འཁྱགས།
ངས་ཁང་པ་ནག་པོའི་སྒེའུ་ཁུང་ནས།
རྒྱང་རིང་གི་ཁྱོད་ཀྱི་ཕྱོགས་སུ་རྒྱང་ལྟ་བྱེད་བཞིན་ཡོད།
སྙིང་ཉེ་ལགས། ཁྱོད་ཀྱི་འཇིག་རྟེན་དུ་དགུན་ཁ་ཡོད་དམ།
ད་ནི་སྟོན་མཇུག་གི་སྡོང་ལོ་དག ས་ཆེན་གྱི་གསེང་དུ་འཐིམ་དུས།
དགུན་གྱི་བུ་མོས་ངུ་ངག་གིས་དབྱངས་རྟ་མཆེད་ཅིང་།
ཁ་བའི་བུ་མོས་ལྷབ་ལྷུབ་ཀྱིས་སྟངས་སྟབས་ངོམས།
ཡོད་ཚད་དྭངས་གཙང་གིས་བྱུག་པའིའཇིག་རྟེན་འདི་ནས།
ཁྱོད་ནི་བདག་སེམས་ཀྱི་དྭངས་གཙང་གི་ལྷ་མོ་དེའོ།།
རྩོམ་གསར། 10