རླུང་བུ་གཡུགས་ཕྱོགས་མིན་ན།

གཡུ་ལྗང།        2019-01-16

འཁོར་བའི་ལ་མོ་བརྒལ་ནས།།

ཁྱེད་ཀྱི་མངའ་ཐང་འགྲིམ་ན།།

མཚོ་ཆུང་ཕྱི་ཐག་ཅན་པོའི།།

ང་ལ་ནང་སེམས་གླན་ཡོང་།།

 

ན་ཆུང་སྣང་བ་མིན་ན།།

སྤྲིན་པ་ང་ལ་འཁྲེང་ཡོང་།།

ནམ་མཁའ་སྨྲེང་དང་མ་སྨྲེང་།།

བརྩེ་བའི་སྔ་ཕྱི་ཙམ་རེད།།

 

གཞོན་པ་གཞོན་པ་ཟེར་བ།།

སྨུག་པའི་ཕྱི་ནང་ཙམ་རེད།།

མིག་གིས་ལོངས་སུ་སྤྱད་ཀྱང་།།

སེམས་ཀྱིས་རེག་ཐབས་མི་འདུག

 

འཇའ་ཡིས་ལག་པ་དྲུད་ནས།།

མཁའ་རུ་བསྐོར་བ་རྒྱག་ན།།

ལྷ་ཚོགས་ཡང་ཡང་ཞུས་དང་།།

སྣང་བའི་ཟློར་གར་ཙམ་རེད།།

 

ཟླ་བ་མིག་ལ་འཁྲུལ་ནས།།

སེམས་ཀྱི་མཚོ་རུ་ལྕེབས་ན།།

ཟླ་བ་སྐྱོ་སྐྱོ་མ་གནང་།།

མཚོ་ཡི་ཞེ་ལ་གནོད་འགྲོ།།

 

ལས་ཀྱི་དམ་ཚིག་བརྟན་ན།།

རི་བོའི་ཕར་ཚུར་ཙམ་རེད།།

གཙང་བོ་ཁྲེལ་གཞུང་ལྡན་ན།།

བསྐོར་བ་ཡང་ཡང་རྒྱག་ཆོག།

 

ང་ཡི་སྙིང་ཉེ་གང་ཞིག།

རྨི་ལམ་ནང་ནས་མཇལ་ཡང་།།

ཚེ་རབས་ཡིད་ཀྱི་སྲུང་མ།།

ཁ་བའི་འདབ་མར་བཞད་ཡོང་།།

 

མ་ཐུག་ལོ་དང་ཟླ་བ།།

སྤྲིན་པའི་ངོགས་ནས་མཇལ་ཡོང་།།

གྲིབ་མ་ཡར་འགྲོ་ཞིག་ལ།།

དྲན་པས་གཞས་ཤིག་བཏང་ཡོད།།

 

དྲན་པའི་ནགས་ཚལ་བསྒུལ་ན།།

ལྗོན་པས་མིག་ཆུ་འཐོར་འགྲོ།།

ཟླ་འོད་ཡང་ཡང་གསལ་ན།།

ཁྱེད་རང་ཞེ་ལ་འཁོར་ཡོང་།།

 

དུས་ཀྱི་བུ་ཡུག་འཚུབ་ནས།།

རླུང་བུ་གཡུགས་ཕྱོགས་མིན་ན།།

ང་ཡི་ཚེ་གཅིག་སྐྱ་ཡ།།

གྲང་དང་མ་གྲང་མ་འདྲི།།


  • ལེ་ཚན་སྔོན་མ།:བུད་མེད།
  • ལེ་ཚན་རྗེས་མ།:ཚངས་དབྱངས་རྒྱ་མཚོར་ཕུལ་བའི་མཆོད་གླུ།