སྐལ་བཟང་རྡོ་རྗེ། 2018-12-26
ངའི་བེམ་གཟུགས་ནག་རིལ་གྱི་ཟུར་ལོགས་ནས་ནམ་ཡང་འཁྱར་མ་འཁྱོར་གྱིས་འཛུམ་བཞིན་པའི་གསང་བ་ལྐོག་གྱུར་གྱི་ཚོར་སྣང་དེ་ལ་རྣམ་ཤེས་ཟེར་བ་ཡིན་ནམ། ངས་རང་ལ་དྲི་བ་ཞིག་གི་ཚུལ་དུ་དོན་འདི་ལ་ངོ་ཡ་ཐེངས་མི་ཉུང་བ་ཞིག་བྱས་ཀྱང་། ད་བར་དུ་ཡངས་ཞིང་གཡོ་བའི་བལ་དན་གྱི་ཆ་ལུགས་འདི་ལ་ངེས་ཐག་ཆོད་པའི་དྲི་ལན་རྡོག་པོ་དེ་ལ་སོམ་ཉིའི་རྒྱ་རུ་འཚུད་པ་ལས་ཅི་ཡང་མ་ཚོར།
ངས་ཁྲ་རིག་རིག་གི་མིག་ཟུང་གིས་ཉིན་མཚན་ལྟོས་མེད་དུ་ཁོ་རང་བཙལ་ཡང་ཐ་ན་གྲིབ་གཟུགས་ཙམ་ཡང་མ་མཐོང་། ངས་སྒྲ་འཛིན་གྱི་བུ་ག་དེ་ཉིད་སློབ་རའི་སྒོ་ཆེན་གྱི་ཚུལ་དུ་ཕྱེས་ཀྱང་ཅི་ཡང་མ་ཐོས། ངས་བཟའ་བཏུང་གི་ལས་དབང་ལ་ལོངས་སུ་སྤྱོད་སྐབས་ཁོ་ནི་དྲི་དབེན་ཞིང་རོ་མེད་པའི་མཁའ་དབུགས་ཙམ་ལས་ཅི། ངས་ལུས་ཕུང་གི་རེག་བྱ་ཡོད་དོ་ཅོག་ལ་ཉམས་ཀྱིས་བཞེས་ཀྱང་ཁོ་ནི་མགོ་རུམ་ལ་བསྡུ་བའི་རུས་སྦལ་རྒྱ་བོ་ཇི་བཞིན་ཅི་ཡང་མ་ཚོར། འོ་ན་ཅི་ཞིག་ལ་རྣམ་ཤེས་ཟེར།
ངོ་མ་བཤད་ན་རྣམ་ཤེས་ཞེས་པ་འདི་ནི་ཁྱོས་ཀྱང་རིག་མ་མྱོང་ལ་ངས་ཀྱང་མཐོང་མ་མྱོང་བའི་ཆ་ཡོད་ལ་རྒྱུས་མེད་པའི་ཐ་སྙད་དཀྱུས་མ་དེ་མ་ཡིན་ནམ། འདི་ནི་ང་ཚོ་འཇིག་རྟེན་པའི་འཁོར་བགྲོད་ཀྱི་སྲོག་རྩ་ཡིན་ལ་འཁོར་བ་པའི་འདུ་ཤེས་ཀྱི་མ་ལག་ཡིན། འདི་ནི་ང་ཚོ་སྲོག་ལྡན་གྱི་སྐྱེ་དངོས་ཡོངས་ཀྱི་བསམ་བློ་ཡིན་ལ་རིག་པ་ཡི་འཆར་ཡན་སྣང་བའི་ལང་ཚོ་ཡིན། རྣམ་ཤེས་ལགས། གཅིག་བྱས་ན་ཁྱེད་མེད་ན་ང་ནི་བླ་མེད་པའི་ཤི་མིན་གསོན་མིན་གྱི་བེམ་རོ་གཅིག་ལས་གཞན་ཅི། ང་ནི་རུས་མེད་པའི་བསམ་མེད་ཉམས་ཐག་གི་གཟུགས་བྱད་ཅིག་ལས་གཞན་ཅི། རྣམ་ཤེས་ལགས། རྒྱལ་གྱུར་ཅིག
རྩོམ་གསར། 10