ཆུ། 2018-12-10
ཆར་བ་ཤག་ཤག་གི་འབབ་རྒྱུན་ཁྲོད་ན། །
ཆུ་མོ་ཤང་ཤང་གི་བཞུར་རྒྱུན་ལྷན་དུ། །
འཚོ་བར་བདེན་དཔང་གི་རྗེས་ཤུལ་ཟེར་ནས། །
དྲོ་གྲང་བརྫུས་མ་ཡི་བར་གསེང་བརྡོལ་ནས། །
རྒྱུགས་ར་གྲུ་བཞི་ཡི་ནང་དུ་འབྱོར་སོང་། །
བཞིན་གྱི་རང་མདངས་ནི་རྫས་ཀྱིས་བསྒྲིབས་ཤིང་། །
སྐྲ་ལོའི་ཁ་དོག་དེ་ཚོན་ཀྱིས་བྱུགས་ནས། །
རང་བཞིན་རང་མདངས་དེ་བོར་བའི་གཞོན་ཚོགས། །
རང་ཚུགས་ཨུ་ཚུགས་ཀྱི་གོ་བརྡ་ལོག་པའི། །
མཐོ་སྒང་དྭངས་གཙང་གི་ལྷུམས་ནས་འོང་ངམ། །
ལུས་ཚུགས་ཉམས་ང་བས་ནད་པ་ཇི་བཞིན། །
བཞིན་གྱི་མདངས་སྡུག་པས་སྨྱོན་པ་ལྟར་དུ། །
འཇིག་རྟེན་ཁྲིམས་སྲོལ་ལ་བརྩི་བ་མེད་པས། །
རང་གཤིས་གྱོང་བོ་འདི་དེང་རབས་ལུགས་སམ། །
གསར་སྐྱེས་གཞོན་ཚོགས་རྣམས་ལན་ཞིག་ཐོབས་དང་། །
མི་རིགས་གྲངས་མེད་ཀྱི་གྲུབ་པའི་རྒྱལ་ཁབ། །
རུས་རྒྱུད་ཁུངས་དག་ཅིང་རིག་གཞུང་ཕྱུག་པའི། །
རུས་དག་རྐང་གཙང་གི་མི་རིགས་ག་ཚོད། །
རྩིས་གྲངས་གྲལ་ཁ་ཞིག་ལེན་རྒྱུ་བྱ་ན།།
ང་ཚོ་ཡ་གྱལ་ཞིག་ཡིན་ཞེས་ཕོད་དམ། །
མེས་པོའི་ཤུལ་བཞག་དེ་ལོ་རྒྱུས་བང་སོར། །
དེང་རབས་ཚུལ་འཆོས་ཀྱི་མྱུ་གུ་འབུས་ནས། །
དགེ་སྐྱོན་བླང་དོར་གྱི་ལས་མཐའ་ལོག་པའི། །
བསོད་ཟད་རྒྱུ་འབྲས་ཀྱི་ངོ་བོ་བསྒྱུར་ནས། །
གཞོན་སྐྱེས་ཚོགས་འདི་ཡིས་ཇི་ཞིག་རྫོབ་ཡོངས། །
ཕ་སྐད་མ་ཡིག་གི་ཞིང་ས་གཤིན་པོ། །
ཕ་ཡུལ་མ་ཁྱིམ་ནས་རྒོད་དུ་ཤོར་ན། །
ད་དུང་རེ་ས་ཡི་ཡུལ་ཞིག་ཡོད་དམ། །
མིང་བྱང་ཐོབ་དཔང་གི་ཡིག་འབྲི་རེ་རེ། །
བོད་པ་བོད་མིང་ཞེས་སྙིང་བོ་ཡོད་དམ། །
ཅོག་ཙེ་སྔས་རྟེན་གྱི་རྨི་ལམ་སྐྱོ་བོས། །
ཁ་ཆུ་སྣ་ཆུ་ཡིས་ཤོག་དཀར་རློན་དུས། །
གཞོན་པའི་ཕུགས་བསམ་དེ་གཏི་མུག་འཇིངས་ན། །
རྐུ་ལྟ་གཡོ་སྒྱུ་ཡི་ཁེ་ཁ་བླངས་ན། །
གཞོན་པའི་འདུན་པ་དེ་དེ་ཡིས་ཁེངས་སམ། །
རྩོམ་གསར། 10