ཀོ་གྲུ། 2018-11-23
སྣང་བའི་བས་མཐའ་ན་ལྷོད་ཀྱིས་སྐྱོད་བཞིན་པའི།།
ཉི་མའི་ཁ་རླངས་དང་ཟླ་བའི་གྲིབ་གཟུགས་གཉིས།།
མཉམ་འགྲོ་མཉམ་འདུག་གི་ལས་འདི་བདེན་རྒྱུ་ན།།
འུ་གཉིས་འཇིག་རྟེན་གྱི་དབྱར་གཞུང་ཚེས་ལ་ཉེ།།
སེམས་མཐུན་ངང་མོའི་ཁྱུ་ལྷོ་རིའི་རྩེ་ནས་བརྒལ།།
ནུབ་ཁའི་ཉི་མ་ཡིས་དྲན་ཤིང་མཚོ་རུ་བཞག།
རང་བྱུང་རྩི་ཤིང་དག་ལྗང་མདོག་ལས་ཀྱིས་འཛུམ།།
སང་ཞོགས་སྐྱ་རེངས་ལ་མེ་ཏོག་བཞད་ན་ཐང་།།
མཐོན་པོའི་རི་སྒང་གིས་སྨུག་པའི་དོ་ཤལ་འཆང་།།
དམའ་མོའི་རྩྭ་ཐང་གིས་འོད་ཀྱི་ཐིག་ལེ་བསྡུས།།
ཁངས་དང་གྲང་རླུང་གཉིས་ཉག་ག་ཕ་གིར་བརྒལ།།
ད་ལོའི་དབྱར་ཁ་འདི་མྱུར་དུ་ཚེས་རྒྱུ་འདྲ།།
མི་མཇེད་འཇིག་རྟེན་ནས་དཔྱིད་ཀྱི་རྨི་ལམ་སད།།
ནམ་མཁའི་ཀློང་རིམ་ན་སྤྲིན་པའི་འཚུབ་ཁ་རྒོད།།
རི་སྐྱེས་སྲོག་ཆགས་ནི་གྲ་སྒྲིག་ལས་ཀྱིས་བྲེལ།།
དབྱར་གྱི་དུས་ཚིགས་དེ་མྱུར་དུ་ཚེས་རྒྱུ་འདྲ།།
རྩོམ་གསར། 10