དམེ་ཤུལ་ལྷ་མོ་སྐྱབས། 2018-11-22
སྐྱེས་རབས་ལས་ཀྱིས་བསགས་པའི་སྨོན་བཟང་གིས།།
དལ་འབྱོར་མི་ལུས་རིན་ཆེན་ཐོབ་པར་གྱུར།།
ལྷག་པར་དུས་ཀྱི་སྐལ་བཟང་ཤར་བ་ན།།
ཤེས་རིག་སློབ་སྐལ་བྱུང་བ་གཅེས་པར་གྱིས།།
ཟབ་གསལ་ཤེས་རིག་འབུམ་གྱི་བུམ་ནང་དུ།།
རྒྱ་ཆེན་གཞུང་ལུགས་མཚོ་མོ་ཡོངས་སུ་ལྟེམས།།
རྨད་བྱུང་སློབ་སྐལ་ཡག་པའི་སློབ་གྲོགས་ཚོས།།
ཤེས་རིག་ཧུབ་ཀྱིས་འཐུང་ན་སྐྱིད་པ་ལ།།
ཡིན་ཡང་མང་ཤོས་དུག་གི་འོབས་སུ་ཡོད།།
བརྩོན་འགྲུས་སྙིང་སྟོབས་ཡོད་ཀྱང་སྐད་ཅིག་ཙམ།།
ལ་ལ་གཉིད་དང་ལ་ལ་འདོད་ཆགས་སོགས།།
བག་མེད་འཚོ་བས་བསླུས་ན་ཤིན་ཏུ་ཕངས།།
མང་ཤོས་སེམས་ཀྱི་བྲན་གཡོག་བྱས་བྱས་ནས།།
གསོན་འདོད་རེ་བ་མེད་ཞེས་སྨྲེ་ངག་འདོན།།
ལ་ཤས་བརྩེ་དུང་ཞེས་པར་འཁྲེང་འཁྲེང་ནས།།
འཆི་མའི་སྟེངས་ཀར་བསྙིལ་བའི་ལོ་རྒྱུས་མང་།།
ཞི་ལི་དུ་འཐེན་ཞི་མོ་ཆང་འཐུང་དང་།།
ཞི་མོ་རྐྱལ་སྟོང་ཞི་ལི་མགོ་སྟོང་སོགས།།
མི་འཛོམས་དགུ་འཛོམས་མི་ལས་དགུ་ལས་ཡིས།།
དུས་ཀྱི་ཉིན་མཚན་བདའ་བ་ཕངས་བའི་གཞི།།
ལྟོ་དང་འདུན་མ་ཙམ་ལ་ཆགས་ཆགས་ནས།།
ཡོད་མེད་མཐའ་དང་མཐོ་དམན་གནས་ཀུན་ཏུ།།
ཁ་ཡག་ཁ་བཙོག་ཁ་བརྡ་མང་བྱས་པས།།
སློབ་པའི་དུས་ཀྱང་སྐད་ཅིག་སྐད་ཅིག་འདས།།
རྒྱ་བོད་མེད་པར་བརྩེ་དུང་ནང་ན་ཡོད།།
དགའ་རབས་དུང་རབས་གླེང་ནས་རང་སེམས་གསོ།།
མང་ཤོས་བརྩེ་དུང་ཞེས་པ་ཁོ་ནའི་ཕྱིར།།
ཡོད་ཚད་བློས་གཏོང་བྱེད་པའི་གླེན་རྟགས་མང་།།
ལྷ་སའི་བུ་མོར་ཨ་གསར་ཚ་པོ་ཡོད།།
ཨ་མདོའི་བུ་ཆུང་ཁ་ན་ལབ་རིང་མང་།།
སོ་སོར་སོ་སོའི་ཚོད་ན་སྣང་བ་རེ།།
སྣང་བའི་ཁྲོད་ན་དགའ་སྐྱོའི་གཏམ་རྒྱུད་མང་།།
ཕྱི་རོལ་རྒྱལ་ཁམས་དར་ནས་དར་དུ་ཕྱིན།།
ད་ལྟའི་མི་ལ་ལས་རྒྱུ་ཇེ་མང་ཡིན།།
མགོ་སྐྲ་སེར་པོ་ཁ་ངོར་སྐགས་དང་ཚོན།།
བསམ་ཞིང་བསམ་ན་སྙིང་བོ་མེད་པའི་གཞི།།
ལ་ལའི་མགོ་བོ་གཟེངས་སུ་བཏེགས་ནས་འགྲོ།
ལ་ལའི་མགོ་བོ་འཕྲེད་ཀྱིས་གཡུག་ནས་འགྲོ།
འགྲོ་བའི་དུས་ཀྱང་ལྟད་མོ་མང་བ་གན།།
རིག་པའི་གནས་ལ་དོན་གཉེར་མེད་པའི་རྟགས།།
བུ་མོ་མང་པོ་ཁ་འཁྲུག་བཤད་པར་དགའ།།
བླ་བཙག་ལབ་བརྡོལ་མང་བས་གཞན་ལ་གནོད།།
ཞི་ལི་ཕལ་ཆེར་ཁ་ཡག་བཤད་ལ་དགའ།།
འདི་འགྲིག་དེ་འགྲིག་མེད་པའི་གཞན་ལ་གནོད།།
དྲྭ་ཁང་ཆང་ཁང་ནང་མ་ལྟེགས་སྒང་ཁང་།།
ཉིན་མཚན་མགོ་གཏིང་སློག་ནས་འཛུལ་ས་ཡིན།།
ལ་ཤས་ཁ་པར་ནང་ནས་རོལ་རྩེད་དང་།།
མཛའ་གྲོགས་སོགས་ལ་ཆགས་པ་གློའུ་རྟགས་ཡིན།།
སློབ་གྲྭའི་ར་སྐོར་ནང་ན་ལྟད་མོ་མང་།།
གཅིག་གིས་གཅིག་ལ་ལག་འཇུ་བྱེད་པ་འམ།།
མགོ་བོ་བྲང་ལ་བསྙེས་ནས་ཤབ་ཤུབ་ངང་།།
སྣང་བའི་ཁམས་ལ་ཆགས་པ་རྨོངས་རྟགས་ཡིན།།
ལ་ལའི་སྐྱོ་བའི་ཀི་རིང་འདེབས་པ་དང་།།
ལ་ལའི་ངུ་བའི་འཁུན་སྒྲ་འབྱིན་པ་སོགས།།
རང་རང་ཚོད་ན་སྡུག་གི་ལན་ཆགས་རེ།།
བསམ་ཞིང་བསམ་ན་སྙིང་བོ་དོག་ཙམ་མེད།།
འགའ་རེ་ཞི་མོའི་རྗེས་ལ་རེམ་པ་དང་།།
འགའ་རེས་ཞི་ལའི་སྐད་འཕྲིན་འདྲི་བ་སོགས།།
ཆགས་པས་སྨྱོས་བའི་གཏམ་རྒྱུད་མང་བ་འདི།།
ད་ལྟའི་སློབ་ཆེན་ཡོངས་ཀྱི་སྤྱི་སྲོལ་ཡིན།།
མཚན་མོ་མགྲོན་ཁང་ནང་དུ་འགྲོ་བ་དང་།།
ཁང་བ་གླས་ནས་ཞག་སྡོད་བྱས་པ་དང་།།
གཅིག་གིས་གཅིག་ལ་དུས་བཅད་བྱས་པ་སོགས།།
མདོར་ན་ཐམས་ཅད་འདོད་ཆགས་རྐྱང་རྐྱང་ཡིན།།
བུ་མོ་བུ་ལ་བལྟས་ནས་དགོད་པ་དང་།།
བུ་ཡང་བུ་མོར་ཆགས་ནས་དགའ་བ་སོགས།།
བྱ་བ་མང་མང་ཡོད་པ་མང་ཆེ་བ།།
དམིགས་ཡུལ་ཅི་ཡང་མེད་པའི་རིགས་དེ་ཡིན།།
རིགས་གཅིག་བསླབ་གཞིའི་དཔེ་ཆ་རྐྱང་རྐྱང་དང་།།
མཐར་ཕྱིན་ལག་རྟགས་ཙམ་ལ་རེ་བ་ཡོད།།
དེ་དག་ཕལ་ཆེར་བསམ་བློ་སྟོང་བའི་ཕྱིར།།
རླབས་ཆེན་ལས་དོན་སྒྲུབ་པའི་སྤོབས་པ་ཞུམ།།
འགའ་ཞིག་བསླབ་ཕྱིའི་དཔེ་ཆ་ཁོ་ན་དང་།།
རང་མོས་སྙན་ངག་ཙམ་ལ་ཞེན་རྩིས་ཆེ།།
སྐྱབས་ཆེན་སེང་རྡོར་ལ་སོགས་རྩེ་གཅིག་ཏུ།།
ལྷ་ལ་སྒོམ་པ་གཞུང་ལུགས་མེད་པའི་རྟགས།།
ལ་ལ་ནང་ཆོས་ལ་སོགས་གཞུང་ཆེན་དང་།།
བསམ་བློ་སྒལ་ཚིགས་སོགས་ལ་ཤིན་ཏུ་དགའ།།
ཡིན་ཡང་བཤད་ཡམས་འགའ་ལ་ཡིད་ཆེས་ནས།།
རང་གི་ཁ་ཕྱོགས་བོར་བ་ཤིན་ཏུ་མང་།།
ལ་ལའི་དགའ་ཕྱོགས་གཅིག་པོ་སྲོག་ཏུ་འཛིན།།
དཔེ་ཀློག་སོགས་ཡང་འགན་ཁུར་ཙམ་དུ་ལྟ།།
དེ་དག་ཕལ་ཆེར་མིག་རྒྱང་ཐུང་བའི་ཕྱིར།།
མི་ཚེ་རིན་ཐང་ཟེར་བ་ལ་མགོའི་ལུག།
ལ་ལའི་ཡར་མར་གང་ཡང་མི་སྒྲུབ་པ།།
དཔེ་ཆ་དཔེ་ཀློག་ལ་ཡང་མི་དགའ་བ།།
ནམ་རྒྱུན་ཟས་དང་གཉིད་ལ་གཞོལ་ཆེ་བས།།
ཕག་དང་གཉིས་སུ་མེད་ཅེས་ཁོ་བོས་སྨྲ།།
མདོར་ན་གོན་པ་སུ་ཡག་འགྲན་པ་དང་།།
གསར་བུ་གསར་མོ་སུ་ལ་དགའ་བ་དང་།།
རང་གི་མདུན་ལ་ཆགས་ནས་མ་འོངས་པ།།
རྩ་ནས་བོར་བ་ཐམས་ཅད་འདི་འདྲ་ཡིན།།
ཤུལ་ན་ཡོད་པ་མི་འགའ་ཁོ་ན་ཡིན།།
དེ་དག་རྣམ་དཔྱོད་ཆེ་ལ་བརྩོན་འགྲུས་ལྡན།།
བླང་དོར་འབྱེད་ཤེས་དཀའ་ངལ་བློ་ཡིས་གྲོལ།།
རང་དོན་འཁྱོངས་ལ་གཞན་དོན་ཁུར་དུ་འདེགས།།
དེའི་ཕྱིར་འདོད་དང་འདུན་མར་ཆགས་པ་དང་།།
གཏི་མུག་གཉིད་དང་ང་རྒྱལ་ཕྲག་དོག་སོགས།།
ཚུལ་མིན་བྱ་སྤྱོད་དག་ལ་ཆགས་པ་ཡིས།།
ལག་པ་བྲང་ཁར་ཞོག་ལ་འདང་རྒྱོབས་ཤིག།
རྩོམ་གསར། 10