ཡིད་ལྷུང་རྣོ་མདའ། 2018-11-22
འབྲོག་ཁྱིམ་སྣུམ་པོའི་སྒོ་ཡི་ཕྱི་ནང་ངལ་བའི་གོམ་ཁ་འཁྱར་མ་འཁྱོར།།
རྡོག་སྣེ་ལྕི་མོ་གཅིག་རྗེས་གཉིས་མཐུད་ལང་ཚོའི་མེ་ཏོག་རྙིང་པར་གྱུར།།
བུ་ཚའི་སླད་དུ་ཚེ་ལྷག་བསྐྱལ་བའི་བྱམས་བརྩེས་ཕྱུག་པའི་ཡུམ་ཆེན་མ།།
མི་ཚེའི་རིན་ཐང་སད་ཀྱིས་ཁྱེར་བའི་དྲིན་ཆེན་མ་ལོའི་སྐུ་བརྙན་ལ།།
བལྟས་ཤིང་བལྟས་ཤིང་སྐྱོ་སྣང་འདྲེན་པའི་དྲན་པ་དམར་པོ་རློན་པར་གྱུར།།
རྟོགས་དཀའི་འཆར་འགོད་དམར་ཆུང་སེམས་པས་ཡར་ཁོག་དྲོན་མོའི་སྦུག་ཏུ་མིད།།
བགྲང་བྱས་ཆོད་པའི་རྨི་ལམ་མོག་པོར་ཞེན་རིག་ཐོགས་པའི་ངོ་གདོང་ལ།།
བརྩེ་འཛུམ་ངང་གིས་བདག་གི་མགོ་བོར་ཕྱག་གིས་དལ་བར་བྱུལ་བྱུལ་གནང་།།
འོ་དྲི་འཐུལ་བའི་ཨ་མའི་ཕྱག་ཟུང་ཡང་ཡང་བལྟས་ཤིང་འགྲམ་ལ་གཏད།།
ཨ་མའི་གཅེས་ཕྲུག་རྙེད་དཀའི་མི་ཚེ་རིན་ཆེན་ནོར་ཡིན་གོལ་མེད་ལམ་དུ་སྐྱོད་ཅིག་གསུངས།།
འབྲོག་མོ་ཁྱེད་ཀྱིས་ཁྲག་རྒྱུན་དེ་ལས་ང་དང་ང་ཡི་ཡོད་ཚད་བསྐྲུན།།
འབྲོག་མོ་ཁྱེད་ནི་འཛངས་མའི་ཉམས་ལྡན་བྱམས་བརྩེ་འཁྱིལ་བའི་ཁྱིམ་གཞིས་ཡིན།།
འབྲོག་མོ་ཁྱེད་ནི་མི་རིགས་ཤིག་གི་དར་རྒུད་བསྐྲུན་པའི་ས་བོན་ཡིན།།
འབྲོག་མོ་ཁྱེད་ཀྱིས་འབད་རྩོལ་བསྐྱར་མས་དབྱངས་གསལ་ཐོགས་པའི་རྣམ་ཤེས་བསྐུན།།
ང་ཡི་ཡུམ་ཆེན་སྙིང་གི་ནོར་བུ་སྐུ་ཚེ་ཡུན་བརྟན་བདེ་བར་སྨོན།།
རྩོམ་གསར། 10