ཚངས་དབྱངས་རྒྱ་མཚོ།

གློག་འགྱུ།        2018-11-09

    ༡

མོན་ཡུལ་ཨོ་རྒྱན་གླིང་དུ།།

མཚན་དཔེའི་ལང་ཚོ་རྫོགས་ཤིང་།།

ཉི་བདུན་འཆར་དང་ལྷན་དུ།།

བལྟམས་པས་ངོ་མཚར་ཆེ་སོང་།།


སྐྱེས་སྟོབས་ཤེས་རབ་རྣོན་པོས།།

གཞུང་ཆེན་དཀའ་གནད་བཀྲོལ་སོང་།

སྔོན་གོམས་བག་ཆགས་བཙན་པོས།།

ངལ་མེད་སྒྲ་རྩིས་མཁས་སོང་།།


བརྗིད་ལྡན་ནོར་བུ་གླིང་ཁར།།

དབང་ལུང་ཆོས་འཁོར་བསྐོར་ནས།།

སྐལ་ལྡན་ཁྲི་མ་འབུམ་ལ།།

བྱིན་རླབས་ཆར་ལྟར་བསྙིལ་སོང་།།


ལྷ་སའི་སྐྱིད་ཆུ་བརྒལ་ཏེ།།

ལི་ཐང་ཡུལ་དུ་ཕེབས་སོང་།།

དཀའ་སྡུག་ཁྲི་སྟོང་མང་པོ།།

ངལ་མེད་ཕྲག་ལ་བཞེས་སོང་།།


དགུན་ཟླ་མ་ཚེས་གོང་ནས།།

ལྷ་སར་ཁ་བ་བབས་བྱུང་།།

ས་མཐར་བདས་པའི་སྟོན་ལོ།།

ལྷ་མོས་ལམ་སྣ་དྲངས་སོང་།།


ངན་ངོན་ཟས་ལ་བརྟེན་ཏེ།།

དཀར་རྒྱ་དགོན་དུ་འབྱོར་སོང་།།

བཻ་རོའི་སྒྲུབ་ཕུག་ནང་དུ།།

ཟླ་གཅིག་བསྙེན་སྒྲུབ་རྫོགས་སོང་།།


འཁོར་བའི་སྐྱོ་ཤས་བསམས་ཏེ།།

ཏིང་འཛིན་ཟས་ལ་རོལ་སོང་།།

བདག་འཛིན་ཆུ་ལ་བསྐུར་ནས།།

སྟོང་ཉིད་གླུ་རུ་བླངས་སོང་།།


རང་ཉོན་དྲི་མ་འདག་རུང་།།

འགའ་ཡི་སྲིད་རྩ་གཅོད་ཕྱིར།།

སྙན་འགྱུར་མགུར་གླུ་ལེན་ཞོར།།

དྲང་ངེས་གནས་ལུགས་བསྟན་སོང་།།


འགྲུལ་བཞུད་ལམ་ཁ་བཙན་པོ།།

འཇམ་མཉེན་རྡོག་པས་འཇལ་སོང་།།

རིགས་ཞེན་ཁྲག་བྲིས་རི་མོ།།

གངས་རིའི་ངོས་སུ་གསལ་འདུག།

     

     ༢

དབུས་ཀྱི་ཉི་མ་ལྷ་ས།།

མཚོ་སྤྲིན་བར་ན་ཆགས་ཡོད།།

རིག་འཛིན་ཚངས་དབྱངས་རྒྱ་མཚོས།།

བརྩེ་བའི་གཏེར་བུམ་སྦས་ཡོད།།


མཆོད་ཆང་བཞེས་པའི་ཁྲོད་དུ།།

སྙིང་གཏམ་བཤད་རོགས་སུ་ཡོད།།

ཡིད་ཀྱི་མེ་ལོང་ངོས་ལ།།

སུ་ཡི་མཛེས་སྡུག་མངོན་ཡོད།།


མ་བཅོས་ཞལ་གྱི་འཛུམ་མདངས།།

གང་གི་ཕྱོགས་ལ་གཏད་ཡོད།།

མཛའ་བརྩེའི་ཁྲོད་ཀྱི་མགུར་གླུས།།

སུ་དང་ཡིད་སེམས་མདུད་ཡོད།།


གཡུ་ཐོག་ཟམ་པའི་འོག་ནས།།

དྲན་པའི་སྙན་ངག་བྲིས་སོང་།།

ཞེ་མཐུན་ཡིད་ཀྱི་མཛའ་མོ།།

མཚོ་མོའི་ངོས་ནས་འཕྲད་སོང་།།


ཡིད་འོང་ལྡུམ་རའི་ནང་ལ།།

མེ་ཏོག་འཚང་ཁ་ཤིག་ཤིག།

ཁྱེད་ཐུགས་བབ་པའི་མེ་ཏོག།

མ་སྐྱེས་ཨ་མ་ཡིན་འདུག།


སྙན་ཚིག་དུམ་བུ་རེ་རེས།།

མཁས་ཀུན་སྐྱེངས་ཚུལ་བལྟས་ན།།

མཚོ་བྱུང་ལྷ་མོའི་པི་ཝང་།།

ཁྱེད་ལ་གཡར་པ་ཨེ་རེད།།


འཆལ་པོ་ཏང་བཟང་དབང་པོའི།།

གསང་གཏམ་ཕྱི་ལ་ཁྱབ་འདུག།

སྐུ་ཚེ་རྫོགས་པ་ཡིན་མོད།།

མགུར་གླུ་རྫོགས་དོགས་མི་འདུག།


ཁྱེད་དང་བྱམས་པའི་གསང་གཏམ།།

གླེང་ས་ལྕང་གླིང་ནང་རེད།།

གཟུགས་མེད་རླུང་བུས་ཐོས་པ།།

ཆོལ་གསུམ་ཡོངས་ལ་ཁྱབ་འདུག།


ཚེ་སྔོན་ལས་ཀྱིས་བསྙལ་བའི།།

རྒུན་ཆང་ཧུབ་ཅིག་བཞེས་པས།།

བཟི་གཏམ་ཚིག་གི་ཕྲེང་བ།།

བྱམས་པའི་སྐེ་ལ་བསྐོན་སོང་།།


ཆང་དེ་ལས་ཀྱི་བརྩེ་ཆང་།།

ཆང་མ་ཡིད་བཞིན་མཁའ་འགྲོ།།

ཡིད་སེམས་དབང་མེད་ཤོར་བ།།

ཐུགས་ཁག་ཁྱེད་ལ་མི་འདུག།


མཛད་རྣམ་གསེར་ཡིག་འཁྱུག་མ།།

གངས་རིའི་ངོས་སུ་གསལ་འདུག།

དེང་དུས་མཁས་མང་ཚོགས་ཀྱིས།།

བསྟོད་པའི་ཐལ་མོ་སྦྱར་སོང་།།


  • ལེ་ཚན་སྔོན་མ།:བཅུ་ཕྲག་གནས་ལ་སྐུལ་བའི་ཞོགས་རྔ།
  • ལེ་ཚན་རྗེས་མ།:སྔ་དྲོའི་འཇིག་རྟེན།