མི་ཚེའི་མཐོང་སྣང་།

གློག་འགྱུ།        2018-10-08

མི་ཚེའི་སྐྱིད་སྡུག་རེས་མོས་སོས་དུས་ཀྱི་གནམ་ངོ་།།

རེ་དོགས་ཡིད་ཀྱི་རྟོག་འགྱུ་ཆུ་རིས་ཀྱི་གཉེར་མ།།

མ་ངེས་སེམས་ཀྱི་ཚོར་འདུ་དགའ་སྐྱོ་ཡི་རང་བཞིན།།

ཞི་འཇམ་ལྷིང་འཇགས་འཚོ་བ་ཁོ་བོ་ལ་མ་རྙེད།།


ཡིད་འོང་ལང་ཚོའི་མཛེས་སྡུག་གཞོན་དུས་ཀྱི་རྨི་ལམ།།

ངོ་འཛུམ་སོ་དཀར་ཕྲེང་བ་ལྐོག་ཇུས་ཀྱི་བསླུ་བྲིད།།

ཞིམ་མངར་ཤ་མར་ཐུད་གསུམ་ཕོ་མཁྲིས་ཀྱི་ནད་གཞི།།

དོན་དམ་ཡིད་ཀྱི་བདེ་བ་ཁོ་བོ་ལ་མ་ཐོབ།།


འདབ་ལྡན་སྔོ་ལྗང་རྩི་ལོ་སྟོན་མཇུག་གི་ཐལ་རོ།།

དམར་སེར་འཇའ་ཚོན་རི་མོ་དུས་ཚིགས་ཀྱི་འགྱུར་འགྲོ།།

ཐམས་ཅད་ངེས་པས་སྟོང་བའི་གནས་ཚུལ་ལ་བསམ་ན།།

གཅེས་པའི་རང་ལུས་ཕུང་པོ་ཡག་སྣང་རང་མ་ཤར།།


ཡ་ཐོད་གཉེར་མས་བཟུང་བ་ལོ་ཟླ་ཡི་འགྲུལ་བཞུད།།

ཅི་བསམ་གནད་དུ་མ་ཁེལ་ལས་དབང་གིས་བཀོད་སྒྲིག།

ཡོད་ཚད་འཁྲུལ་སྣང་འདྲ་བའི་རྨི་ལམ་ལ་དཔྱད་ན།།

འཇིག་རྟེན་མི་ལུས་འདི་ལ་རང་དབང་དེ་མ་མཐོང་།།


བྱིས་པ་རྣམ་གཡེང་ཁྲོད་ནས་རོལ་རྩེད་ལ་གཡེང་སོང་།།

དར་མ་མཛའ་བརྩེའི་བར་ནས་རྒས་ཉམས་ཀྱང་ཤོར་སོང་།།

རྒན་པ་འཁོར་བའི་གྲོང་ནས་མི་ཚེ་དེ་རྫོགས་སོང་།།

དལ་འབྱོར་མི་ལུས་འདི་ཡང་ཁོམ་དུས་ཤིག་མི་འདུག།


དྲང་བདེན་ལས་འབྲས་ཟེར་བ་གཡུ་འབྲུག་ལྟར་གྲགས་ཤིང་།།

ལག་ལེན་གཡོ་རྫུན་གཉིས་ཀྱིས་མི་མགོ་ཡང་མདུད་པའི།།

ཉེར་གཅིག་འཕོ་འགྱུར་དུས་ཀྱི་དཀྱོག་མཚམས་ལ་གཞིག་ན།།

ཁ་དན་དོན་ལ་གནས་པ་ཚད་མས་ཀྱང་མ་ངེས།།


འབྱོར་ཚེ་ལྷམ་ངོས་ཐལ་བ་ངོ་ལྤགས་ཀྱིས་ཕྱིས་སོང་།།

རྒུད་པས་མགོ་བོའི་ཐོག་ཏུ་རྡོག་བརྫིས་ཀྱང་གཏོང་བ།།

དར་རྒུད་འགྱུར་ལྡོག་བར་གྱི་སྣང་ཚུལ་ལ་ལྟས་ན།།

དྲིན་བྱས་དྲིན་གྱིས་འཇལ་བ་ཕལ་ཆེར་རང་དཀོན་འདུག།


མཐོ་པོའི་ཁྲི་ལ་བཞུགས་པའི་མིང་ཆེན་གྱི་བླ་མས།།

ཕྱི་ཚུལ་བསྟན་དོན་ཟེར་བའི་ཚིག་སྐམ་དེ་སྙན་ཀྱང་།།

ཕྱོགས་རིས་གྲུབ་མཐའི་བར་གྱི་དབྱེན་འབྱེད་ལ་བལྟས་ཚེ།།

རྒྱལ་བསྟན་གསེར་བྲིས་བསུབ་པའི་བསྟན་བཤིགས་ལས་མ་མཐོང་།།


ཨ་ཕ་སྤྲེའུའི་རིགས་བརྒྱུད་གདོང་དམར་གྱི་བོད་པ།།

ཆོལ་གསུམ་སྟོད་སྨད་ཙམ་ལས་ཤ་རུས་དེ་གཅིག་ཀྱང་།།

ནང་དམེའི་ཁྲག་ཆུ་འབབ་པའི་ལས་ཉེས་ལ་བརྟག་ན།།

བློ་དམན་དུད་འགྲོའི་རིགས་ལས་ལྡབ་འགྱུར་གྱིས་སྡུག་འདུག།


རྒྱ་གྲོང་སློབ་གླིང་འགྲིམ་པའི་དེང་དུས་ཀྱི་སློབ་ཆེན།།

མ་འོངས་ཁ་བའི་རེ་འདུན་ཁྱེད་ཚོ་ལ་བཅོལ་ཡང་།།

རང་ཡིག་རང་གིས་བོར་བའི་གནས་ཚུལ་ལ་དཔག་ན།།

རང་རིགས་ཁ་བ་བོད་པའི་གྱོང་རྒུད་ལས་མི་འདུག།


རྒྱལ་བསྟན་ཚོང་རྩ་འཛུགས་པའི་དེང་དུས་ཀྱི་རྒྱ་བླ།།

ནང་ལ་འདུལ་ཁྲིམས་གཙང་མའི་གྲིབ་གཟུགས་ཙམ་དབེན་ཡང་།།

ཕྱི་རོལ་ངུར་སྨྲིག་འཆང་བའི་བཙུན་གཟུགས་ལ་བརྫུན་པ།།

བསམ་ན་ཤཱཀྱའི་རྒྱལ་པོའི་ཞབས་འདྲེན་ལས་མ་འདས།།


རྒྱ་ཆེའི་གཞུང་ལུགས་དག་ལ་གོ་བ་ཞིག་མ་བརྙེས།།

ཐར་འདོད་ངེས་འབྱུང་བསམ་པའི་བཙན་ས་ནི་མ་ཟིན།།

འཕྲལ་སྣང་བདེ་སྡུག་ཁྲོད་ནས་མི་ཚེ་དེ་རྫོགས་པའི།།

བདག་ཀྱང་རབ་བྱུང་ཞིག་གི་གཟུགས་བརྙན་ཙམ་རེད་འདུག།


རྣམ་རྟོགས་རླབས་རིས་འཁྲུག་པའི་སེམས་འགྱུ་ལས་ཕྱུང་པའི།།

སྐྱོ་ངལ་ཡིད་ཀྱི་ན་ཟུག་རོལ་དབྱངས་དང་བསྡེབས་ཏེ།།

ཟླ་བ་མཚོ་ལ་ཟགས་པའི་མཚན་གུང་གི་དཀྱིལ་ནས།།

མི་ཚེའི་མཐོང་སྣང་རི་མོ་ཤོག་ཐོག་ལ་ཕབས་ཡོད།།

  • ལེ་ཚན་སྔོན་མ།:འཕུར་ལ་ཉེ་བའི་བྱེའུ།
  • ལེ་ཚན་རྗེས་མ།:གྲོགས་སྤྲིན་ནག་ལ་སྤྲིངས་བའི་ལྷ་བྱ།