འཇིག་རྟེན་བའི་རང་མཚང་།

གཙང་ཞོགས་སྤྲིན།        2018-09-27

མི་ཡི་གར་དུ་རོལ་བའི་ཕྱི་ལོགས་ནས།།

ཚོར་བ་བདེ་སྡུག་ལུས་ཀྱི་གྲིབ་སོ་བཞིན།།

སེམས་ཀྱི་འགྱུ་བག་རྒོད་པོའི་མཐུ་འོག་ན།།

ངུ་དགོད་གཉིས་ཀར་ཁ་ལོ་སྒྱུར་བཞིན་ཡོད།།

 

ངུ་མ་དགོད་ཀྱི་འཇིག་རྟེན་འཁོར་བ་ན།།

སྐྱིད་མ་སྡུག་གི་འཚོ་བའི་གྲུ་ཟུར་ན།།

ཡེངས་མ་ལམ་དུ་མི་ཚེ་གཟད་པ་འདི།།

མི་མ་ཡིན་གྱི་སྣང་བརྙན་འཁྲབ་པ་ཞིག།

 

ཡང་དག་ཆོས་ཀྱི་འཇུག་སྒོ་བསྟན་ན་ཡང་།།

དོན་དམ་ཐར་བའི་ལམ་སྣེར་ཁྲིད་ཀྱང་རུང་།།

འདུན་མ་གཤའ་མ་རྒྱང་དུ་དོར་བྱས་ནས།།

སྡུག་གི་མཚོ་མོར་ངང་གིས་འཇུག་འདི་སྐྱོ།།

 

སྐད་ཅིག་དགའ་བདེ་འགྱུར་བའི་ཆོས་ཡིན་ཡང་།།

ཆོས་ཀྱི་རང་བཞིན་མིག་གི་དཔལ་ཡིན་ཡང་།།

རང་གི་བག་ཆགས་རྙིང་པའི་རྗེས་དེད་ནས།།

རང་གཞན་བརླགས་འདི་རང་གི་ནོར་འཁྲུལ་ཡིན།།

 

མ་ཎི་ཕྲེང་བས་ལུས་ངག་བརྒྱན་ན་ཡང་།།

ཡིད་ཀྱི་རྣམ་རྟོག་མི་དགེ་དང་འགྲོགས་ན།།

ལྟར་སྣང་ཙམ་ལ་དགེ་བའི་རྒྱུ་ཡིན་ཡང་།།

དོན་གྱི་འབྲས་བུ་སྡུག་བསྔལ་དུ་འགྱུར་རོ།།

 

ཞེ་ལ་ཐོགས་པ་བདེ་སྐྱིད་ཡིན་ན་ཡང་།།

ལག་ལ་ཐོགས་པ་མི་དགེ་བ་ཡིན་ན།།

ཕུགས་ཀྱི་འདུན་མ་མངོན་དུ་མི་འགྱུར་བས།།

རང་ཉིད་བོར་བའི་ལས་འདི་ཅིས་ཀྱང་དོར།།

 

ལས་ཉོན་གཉིས་ཀྱི་མནར་གཅོད་མི་འདོད་ན།།

རང་གཞན་གཉིས་ཀྱི་བདེ་བ་དངོས་བསམ་ན།།

སྒྲིབ་གཉིས་སྤངས་ཏེ་ཚོགས་གཉིས་རབ་གསོགས་དང་།།

དོན་གཉིས་འགྲུབ་བོ་འཇིག་རྟེན་མི་ཡི་རིགས།།


  • ལེ་ཚན་སྔོན་མ།:བདེ་སྐྱིད་ཀྱི་གསང་གྲངས།
  • ལེ་ཚན་རྗེས་མ།:དབྱངས་གསལ་སོ་བཞི།