དྲང་པོར་མི་གནས་པའི་འཇིག་རྟེན།

མ་གཅིག་ཀུན་དཔལ།        2018-09-18

འབྱོར་ན་གྲོགས་པོ་སྤྲིན་གྱི་ཚོགས་བཞིན་འདུ།།

རྒུད་ཚེ་མཛའ་བཤེས་གཉེན་ཡང་རྒྱང་དུ་གྱེར།།

ནོར་ལྡན་དྲེགས་པོ་ཀུན་གྱིས་གོང་དུ་བཀུར།།

སྤྲང་བོ་བདག་མེད་གཉེན་གྱིས་བརྙས་པར་བྱེད།།

 

འབྲས་ལྡན་གསོམ་ཤིང་ཡལ་ག་དུམ་བུར་བཅད།།

མདངས་མེད་ཆུ་ཤིང་སྐམ་པོ་གཅེས་པས་བསྐྱོངས།།

བླུན་པོ་དབང་ཤེད་ཅན་རྣམས་བཙུག་ན་མཆོད།།

ཟླ་མེད་མཁས་པའི་ཁྱུ་ཚོགས་མུན་པར་བསྲེགས།།

 

ཕྲག་དོག་གཙོ་མའི་ཁུ་ཡིས་རྒྱག་པ་དང་།།

འགྲན་སེམས་རི་བོའི་ཁུར་གྱིས་ལྕི་བ་ཡི།།

རང་རྒྱུད་རྭ་ལྟར་གྱུང་བའི་སྙིང་ཁམས་ཅན།།

དམའ་ལ་འགྱིང་བག་སྟོན་པར་ཧ་ཅང་དགའ།།

 

བླུན་པོ་འབྱོར་གྱིས་ཕྱུག་ན་ང་རྒྱལ་ཆེ།།

ཆུ་བོ་རླུང་གིས་དེད་ལ་འུར་སྒྲ་ཆེ།།

ཅུང་མེད་མུན་པའི་བློ་ཅན་སྐྱེ་བོ་དག།

རང་ཆེར་རློམ་པས་གཞན་བརྩིས་ཧ་ཅང་ཆུང་།།

 

བཅོས་མའི་འཛུམ་གྱིས་བཅོས་མའི་གཏམ་སྨྲ་བ།།

མཛའ་བཤེས་གཡོག་ཏུ་བཀོལ་ལ་རྔམ་པ་ཡི།།

ཁོག་ངན་དུག་གི་ལོ་འབྲས་རྒྱས་པའི་མི།།

རིང་སར་བཞག་སྟེ་བསྡད་ན་སྤྲང་པོ་སྐྱིད།།

 

འབྱོར་ལྡན་ཁྲིམས་དང་འགལ་ཡང་ཉེས་པ་ཆུང་།།

འབྱོར་མེད་དྲང་པོར་བསྡད་ཀྱང་མིག་ལ་གཟན།།

རྫུན་མའི་ཞལ་འབག་གྱོན་པའི་འཇིག་རྟེན་འདི།།

མངོན་པའི་ང་རྒྱལ་ཅན་དེས་བཟུང་ནས་ཡོད།།

 

དྲང་པོར་མི་སྨྲ་དྲང་པོར་མི་གནས་ཤིང་།།

ཕྱུག་རྒྱབ་ཕྱུག་གིས་འགེབ་པའི་དུས་ཡོད་ན།།

བདེན་པར་བཤད་ཅིང་བདེན་པར་གནས་པ་ཡི།།

དབུལ་བོ་དབུལ་བོས་བསྲུང་ན་ཅིའི་མི་ཆོག།


  • ལེ་ཚན་སྔོན་མ།:སྟོན་ལོ་སེར་པོའི་དྲན་འཆར།
  • ལེ་ཚན་རྗེས་མ།:སྒྱུ་མའི་ལྷ་མོར་ཕུལ་བའི་ཤུགས་གླུ