ཇ་ཕོར་ལས་སྨུག་པ་སྐྱ་མོ།

སྦྲང་བུ།        2018-04-19

སྣང་བ་དེ། མུན་པ་ཆགས་པ་རེད།

ཇ་ཕོར་གྱི་ངོས་སུ་དགུན་གྱི་ཉི་མ་འཆར།

ཕ་གི་ན་གཡུ་འབྲུག་གི་རལ་བ་ངོམ་ཞིང་།

མི་ལོ་ཁ་ཤས་ཀྱི་དུས་གསུམ་འཁྱོངས།

 

ཇ་ཕོར་ལས་འོད་ཟེར་འཆར་སྲིད།

མེ་ཏོག་གི་ས་བོན་རྙིང་ཞིང་ཆུ་བོར་སྐྱོམ།

ཇ་ཕོར་གྱི་སེམས་པ་འཁྲུལ་ཞིང་།

ཐ་སྙད་ཀྱི་གཞོང་པ་རུ་མུན་པ་གས།

ནམ་ཞིག་བསྒུལ་བ་དང་འཇིག་རྟེན་ནས་བརྒལ།

མཛེས་སྡུག་གི་ཉིན་མོ་བརླམས་ཤིང་།

ཞོགས་པ་ཡི་ཇ་ཕོར་ལས་ང་ཡི་འཇིག་རྟེན་བྲིས།

 

སྒེའུ་ཁུང་ལས་ཆར་བ་འབབ་ཞིང་།

ཆང་ཤེལ་དམ་གཅིག ཇ་ཕོར་དུ་འཛུལ།

སྨྲེ་སྔགས་ཀྱི་འཇིག་རྟེན་བསླུས།

ཆང་ཕོར་དང་ཇ་ཕོར་དག་རང་ཤག་ནས་འགུལ།

སྨུག་པ་ཡིས་ནམ་མཁའ་བཟི་བའི་དུས་ཤིག

ཇ་ཕོར་ལས་ང་རང་ཉིད་མཇལ་བ་ཡིན།

 

ཟླ་འོད་བཅིངས་ཤིང་འོད་ཐིག་བསྣོལ།

འབྲོག་ཁྱིམ་གྱི་འཇིག་རྟེན་ལས་ང་རང་བྲིས།

མུན་པའི་རྩིད་སྐུད་བོར་བའི་མུན་པ་སྲབ།

ཇ་ཕོར་གྱི་དུས་ཚོད་ལས་གྲོང་མཐའ་ཕྱིན།

ངག་སྒོ་ཡི་མེ་ཏོག་ཡིན་པའི་སྣང་བ་འཚིག

 

ནུབ་མཐའ་ཡི་ཉི་མའི་གྲིབ་གཟུགས་ལ་ཁེན་ཏེ།

ཁྱེད་རང་འཛུམ་ཆུང་དཀྲོལ་བའི་ཇ་ཕོར་ལས།

ངག་སྨྲ་བའི་བུད་མེད། གྲང་ངར་སྟོབས།

ཁ་དོག་གི་ལེ་ལོ། མུན་པ་ཡི་གམ་དུ་བཅར།

ཁྱོད་སླེབས་རྗེས་ང་ཡང་ལྐུགས་པ་འགྱུར།

 

སྐབས་དེར། སྣང་བ་ཡིས་རྟོག་བཟོ་བྱེད།

ཁ་བ་ཡི་མུན་པ་འབབ་པའི་མཚན་མོ་བྲིས།

མཚན་མོ། སྨུག་པ་སྟུག་པའི་ཡུལ་བྲིས།

མུན་ནག་གི་རྟ་ཕོ་རྒྱང་བའི་སྨུག་པ་ཆགས།

 

ང་ཡི་ཕྱི་ནང་གི་ཉི་མ་སྲབ་ཅིང་།།

འཇིག་རྟེན་གྱི་མེ་ལོང་གསང་བའི་ཉི་མ་དེ

གྲིབ་མ་ལ་ཁེན་པའི་བུ་མོ་ཞིག

ཞིབ་ཕྲ་ཡི་ཡུལ་ཞིག་བྲིས་པ་ཡིན།

རང་ཤག་གི་ཇ་ཕོར་ལས་བདུགས་པའང་།

སྐྱེ་བ་ནས་མེ་ཏོག་གི་བསྒུལ་བ་དེའོ།།


  • ལེ་ཚན་སྔོན་མ།:དགེ་བའི་བཤེས་གཉེན་ཆེན་མོ་ཨ་འབུམ་བློ་བཟང་དམ་ཆོས་མཆོག་ལ་བསྟོད་པ་སྙིང་གི་མེ་ཏོག
  • ལེ་ཚན་རྗེས་མ།:ཁ་བ་དྲན་ཚུལ།