སྟག་རིག་འབྲུག་ཐར། 2018-04-19
ཕ་གིའི་ལྡེབས་སུ་དཔྱངས་པའི་ལི་ཐོ་ལ་ལྟ་དུས།།
མཇུག་མཐའི་ཤོག་བུ་ལེབ་མོ་ཐར་གཅིག་ལས་མི་ལྷག།
དེ་ནི་མཚམས་སྤྲིན་ཀློང་དུ་ལྷོད་གྱི་ལེར་བཞུད་པའི།།
ཉིས་སྟོང་བཅུ་བདུན་ལོ་འདིའི་མཐའ་མཇུག་གི་ཉི་ཟེར།།
རོགས་དན་ཟླ་བོ་བྲལ་བའི་ཚུལ་འཆོས་དེ་བསྣམས་ནས།།
མི་བཟོད་ཁེར་རྐྱང་སྐྱོ་ཤས་སྡུག་བསྔལ་ཞིག་ལྕི་སྙམ།།
གང་ལྟར་རྒྱང་ལ་བཞུད་པའི་དཀར་ནག་གི་སྟོང་ལོ།།
ཞེན་ཆགས་སེམས་ཁྲལ་མངར་སྐྱུར་ཆ་ལང་དུ་བརྡབས་ཚར།།
དུས་ཀྱི་ཟོ་ཆུན་ཁྱུད་མོ་གཙང་བོ་ལྟར་བཞུར་དུས།།
ཚན་རིག་འཕེལ་རྒྱས་མྱུར་བའི་སོ་ཁ་རུ་འགྲེངས་ཏེ།།
གནམ་ས་བླ་འོག་བརྗེ་འདྲའི་འཚོ་བ་ཡི་ངོ་གདོང་།།
ཇེ་མགྱོགས་སྟབས་བདེ་བསྐྲུན་པའི་བཟོ་ལྟ་ནི་ལེགས་ཀྱང་།།
ཚུལ་མིན་སྤྱོད་ངན་མིག་ལ་སྲིན་འབུ་ལྟར་འཚང་དུས།།
ཡོད་ཚད་དྲུངས་ནས་འབྱིན་པའི་སེམས་དཔའ་དེ་སུ་ཡིན།།
ཡིན་ཙང་འབྱུང་འགྱུར་སྔོན་ཐོན་གྲལ་མགོ་རུ་འཚང་བར།།
ཆོས་ཁྲིམས་དར་བཞིན་སྲུང་བའི་སེར་མོ་བའི་ཚོགས་ཀྱིས།།
རབ་གཙང་འདུལ་ཁྲིམས་དཔྲལ་བའི་མིག་བཞིན་དུ་བརྩིས་ཏེ།།
ཆོས་ཀྱི་ཆར་བ་དཀར་ཕྱོགས་དགེ་ལམ་དུ་སྒྱུར་ཅིག།
དཔྱོད་ལྡན་རྒན་གྱིས་བྱོལ་མེད་འགན་འཁྲི་ནི་བཀྱགས་ཏེ།།
རང་གི་བུ་བཞིན་རིས་མེད་སྙོར་སྐྱོང་དེ་གཙིགས་དགོས།།
ལུས་སྐྱོན་སེལ་བའི་གཉེན་པོ་ལྷ་རྗེ་ཡི་ཚོགས་ཀྱིས།།
མི་རྟག་སྒོར་ལ་མ་ཞོགས་སྙིང་རྗེ་ཡིས་བསྲུབས་ནས།།
མི་འདོད་ནད་གདོན་ནག་པོ་རྩ་བ་རུ་ཕྱུངས་ཤིག།
དཔེ་ལེགས་སློབ་མས་རྒན་གྱི་མཛུབ་ཁྲིད་ལ་ཕྱོགས་ཏེ།།
མ་ནོར་ཕུགས་ཀྱི་རི་མོ་དཀར་པོ་དེའི་ཆེད་དུ།།
ཤེས་རིག་ལྗང་མྱུག་བརྩོན་འགྲུས་ཆུ་ལུད་ཀྱིས་སྐྱོར་ཏེ།།
མི་རིང་མདུན་གྱི་རྒྱལ་ཁའི་དཔུང་གྲལ་དུ་འཚོངས་ཤིག།
ཕྱུགས་རིགས་དཀར་ནག་རྗེས་ན་ཚ་གྲང་ལ་རྒོལ་བའི།།
རྫི་བོ་བསམ་དཀར་རི་སུལ་ལུང་གོག་འདིར་སྐུང་བའི༎
ལས་དབང་བསྒྱུར་བའི་སྟ་གོན་སྔ་མོ་ནས་བརྩམ་རན།།
ཞིང་ཐང་གྲུ་བཞིའི་སྣེ་རུ་ཏོག་ཙེ་ལ་འཐམས་པའི།།
སོ་ནམ་ལས་ཀ་མཚམས་མེད་རྔུལ་ནག་ལ་བརྗེ་བའི།།
འཕེལ་མེད་འབྱོར་བའི་ཁ་ཕྱོགས་བསྒྱུར་རྒྱུ་ན་བསམ་བྱུང་།།
ལས་ཀྱིས་བརྐོས་པའི་མི་གཟུར་ལྡོག་མེད་ཀྱི་བཀོད་སྒྲིག།
ཐོབ་ཤོར་ལེགས་ཉེས་རེས་མོས་ཕྱག་ཟུང་ནས་མངོན་དུས།།
དགའ་སྐྱོའི་འཇིག་རྟེན་ཟུར་ནས་ཤུ་སྒྲ་ཞིག་འབྱིན་ཞོར།།
ལེ་ལོའི་གོམ་ཁ་བསྒྱུར་ཏེ་མ་འོངས་ལ་ཕྱོགས་པའི།།
དྲན་སྐུལ་ཅོང་སྒྲ་སྙན་མོ་མཚམས་མེད་དུ་རྡུང་ཚེ།།
མྱུར་བགྲོད་ཆ་འཕྲིན་ཚན་རྩལ་གློག་ཞགས་ལ་འཕྱ་བའི།།
ཁམས་གསུམ་དཀར་ངོགས་འཇིག་རྟེན་མི་ཡུལ་གྱི་ཁམས་སུ།།
མི་རྟག་སྒྱུ་མའི་ལུས་འདི་དོན་ཡོད་དུ་འབད་བཞིན།།
རིན་བྲལ་གསེར་གྱི་དུས་ཚོད་རྩིག་ལྡེབས་སུ་རྒྱུ་དུས།།
བུམ་པ་སྟོང་བ་ཞིག་གི་རྣམ་ཐར་དེ་སྤྱུགས་ནས།།
སྒྱིད་ལུག་གྲོགས་སུ་འགུགས་པའི་སྤྱོད་ངན་དེ་དོར་ནས།།
ལེ་ལོ་ར་རི་དྲི་མའི་སྦག་བཙོག་དེ་གཡུགས་ནས།།
རྒྱུ་ནོར་བརྐམ་ཆགས་ཆེ་བའི་འདོད་ཧམ་དེ་བསྐྱུངས་ནས།།
རང་རང་དོན་རྩའི་སྙིང་བོ་སེམས་དབུས་སུ་བཏེགས་ཏེ།།
སྐུལ་མའི་ལྕག་ཚན་བྲབས་ཏེ་མདུན་ལྗོངས་སུ་ཆས་ཤིག།
ད་ནི་ཐོ་རེངས་བྱ་ཕོའི་གསུང་སྐད་ལ་འཇུ་བཞིན།།
རྨི་ལམ་སྔོན་པོའི་གཤོག་ཟུང་མཁའ་དབྱིངས་སུ་བརྐྱངས་ཏེ།།
དབྱངས་གསལ་སྲོག་གི་ཀ་བའི་ཁང་བཟང་གི་ཁྲོད་དུ།།
འཆད་པའི་ཤེས་རིག་མཚོ་མོའི་ཀློང་རིམ་ནས་བརྡོལ་ཏེ།།
རྩོད་པའི་དཔའ་གདེངས་རྦ་རླབས་བྲག་ཅ་རུ་བསྐུར་ནས།།
རྩོམ་པའི་གསེར་དབྱུག་བརྡར་བའི་ངལ་བ་དེ་ལེན་ཞོར།།
རེ་བའི་འོད་ཟེར་ལམ་ཆེན་སྐྱེན་འགྱུར་ངང་གཅོད་པའི།།
མདུན་སྐྱོད་སྤོབས་པའི་གོ་ཆ་རང་ལུས་སུ་སྦྲོན་ནོ།།
རྩོམ་གསར། 10