ཟླ་འོད་འོག་གི་ཆུ་ཚན།

ཚེ་རིང་ལྷ་མཚོ།        2018-04-09

ཟླ་ཟེར་འོག་གི་རང་བྱུང་གི་ཆུ་ཚན་དེ།

གཉིད་ལ་ཉེ་བའི་བྱིས་པ་བཞིན།

ལྷིང་འཇགས་གེར་བརྗིད་ཆགས་ཀྱི་གངས་རིའི་པང་དུ།

དལ་ཅག་གེར་རྒྱུ་སྐར་གྱི་ཕྲེང་བའི་དབུས་ན།

དྭངས་ཤིང་གཙང་ལ་མཛེས་ཤིང་སྡུག


རང་བྱུང་གི་ཚ་ཆུ་འདིས།

མི་ཡུལ་གྱི་གྲུ་ཁ་ནས།

ཕྱོགས་ཀུན་གྱི་མགྲོན་པོ་ཚོའི།

ལུས་ཀྱི་དྲེག་མ་སེལ་ལ་སེམས་ཀྱི་སྐྱོ་ངལ་སངས།


སྲོད་དུས་གནས་འདིར་སུ་ཡང་མེད་ལ་སུ་ཡང་མི་ཡོང་བས།

དོ་ནུབ། གྲོགས་མོ་ངེད་གཉིས།

ཡིད་འོང་གི་ཚ་ཆུའི་བདེ་བར་མཆོད་ཞོར།

བསམ་གཞིགས་བཞིན་མུན་པའི་གླིང་དུ་བཞུད་ཆོག་ལ།

འདོད་བློ་བཞིན་སྐར་མའི་གཏམ་རྒྱུད་ལ་ཉན་ཆོག

ད་དུང་། འཇམ་ཐིང་ཐིང་གི་མཚན་མོའི་གསང་བ་སྒྲུག་བཞིན།

སྐད་གསེང་མཐོན་པོའི་གདོང་དམར་བའི་ལོ་རྒྱུས་གླེང་ཆོག

འདི་ནི་ཟླ་འོད་དང་ཚ་ཆུས་མི་ཡུལ་དུ་གནང་བའི་དགེ་མཚན་ཡིན།

ལོས་བདེན།

རང་བྱུང་གི་ཚ་ཆུ་འདིས།

སྟོབས་འབྱོར་གྱི་གར་སྟེགས་ལེགས་ཉེས་དང་།

རྒན་གཞོན་གྱི་ཨམ་ཕྲག་ཆེ་ཆུང་།

ཐོབ་ཐང་གི་གོ་འཕང་མཐོ་དམན།

ཡོད་ཚད་ཀྱི་ཡོད་ཚད་ལ།

གཟུར་གནས་དང་དྲང་བདེན་གྱི་མེ་ཏོག་འགྱེད་པས།

སེམས་པ་ཁྲི་ཕྲག་སྤྲོ་བས་བཟི་ལ་དགའ་བས་མྱོས།


དེས་ན།

སྒྱིད་ལུག་གི་ལྭ་བས་བསྟིམས་ཤིང་གཏི་མུག་གི་མུན་པ་གྱོན་པའི་མི་བུ་དག

འདོད་ཆགས་ཀྱི་མིག་ཟུང་བསྲིངས་ཤིང་ཞེ་སྡང་གི་ཁ་ཕོ་བཅིངས་པའི་གསར་སྐྱེས་རྣམས།

ང་རྒྱལ་གྱི་རྟ་རྒོད་ཁྲིད་ནས་ཕྲག་དོག་གི་དར་ཆེན་འཕྱར་བའི་གཞོན་ནུ་ཚོ།

རང་བྱུང་གི་ཆུ་ཚན་འདིར་ཕེབས་དང་།

ང་ཚོས་ཚ་ཆུ་ལྟ་བུའི་དྭངས་གཙང་གི་སེམས་པ་ཞིག་དང་ཟླ་འོད་ལྟ་བུའི་

མཛེས་སྡུག་གི་མདུན་ལམ་ཞིག་རྙེད་ངེས།


  • ལེ་ཚན་སྔོན་མ།:ཇ་ཕོར་ལས་སྨུག་པ་སྐྱ་མོ།
  • ལེ་ཚན་རྗེས་མ།:ཡིད་ལ་བཏེགས་པའི་བྱམས་པ།