གྲོགས་པོ།

རིན་སྤུངས་བསྟན་ཆོས།        2018-03-19

མི་ཚེ་འདི་ནི་རིང་མིན་ཐུང་མིན་འདུག །

འཚོ་བ་ཟེར་བ་མངར་མིན་སྐྱུར་མིན་རེད། །

སྐྱེ་རྒ་ན་འཆིའི་དུས་ཀྱི་འཕོ་འགྱུར་ཁྲོད། །

གྲོགས་ཀྱི་མཆོག་ནི་སེམས་ཀྱི་བརྟེན་སའོ། །

 

འཚོ་བའི་ལམ་འཕྲང་ཟེར་བའི་ཀྱག་ཀྱོག་དེར། །

མི་ཚེའི་སྐྱིད་སྡུག་ཟེར་བའི་སྒང་གཤོང་མང་། །

སྐྱིད་སྡུག་ཁྲོད་ནས་དགའ་སྐྱོ་མཉམ་མྱོང་བའི། །

གྲོགས་ཀྱི་མཆོག་ནི་སེམས་ཀྱི་བརྟེན་སའོ། །

 

མི་ལུས་ཟེར་བ་རིན་ཆེན་གསེར་ལས་ལྷག །

མི་སེམས་ཟེར་བ་དུག་ཅན་ཧ་ལོ་འདྲ། །

ཚེ་གང་བློ་སེམས་བདག་ལ་དཀར་བ་ཡི། །

གྲོགས་ཀྱི་མཆོག་ནི་སེམས་ཀྱི་བརྟེན་སའོ། །

 

དལ་འབྱོར་ཟེར་བ་མིང་གི་འབོད་ཚུལ་ཙམ། །

བྲེལ་ཟིང་ཆེ་བ་དོན་དངོས་དམར་རྗེན་རེད། །

བྲེལ་ཟིང་ཁྲོད་ནས་མ་བརྗེད་སྙིང་བཅངས་ཀྱི། །

གྲོགས་ཀྱི་མཆོག་ནི་སེམས་ཀྱི་བརྟེན་སའོ། །

 

ཤོད་པའི་ཁ་ཆེན་གང་ས་གང་ཀུན་རེད། །

ཉན་པའི་རྣ་བ་བུ་ག་ཇེ་ཆུང་རེད། །

ཤོད་མཁན་མང་ཡང་རྣ་བ་ང་ལ་གཏད། །

གྲོགས་ཀྱི་མཆོག་ནི་སེམས་ཀྱི་བརྟེན་སའོ། །

 

མི་འགའ་མཐོ་ན་སྤོབས་པ་རི་ལས་མཐོ། །

མི་འགའ་དམའ་ན་སྡང་སེམས་ཀུན་ལས་ཆེ། །

དུས་གསུམ་དབྱེར་མེད་ང་ལ་ཕན་བསམ་པ། །

གྲོགས་ཀྱི་མཆོག་ནི་སེམས་ཀྱི་བརྟེན་སའོ། །

 

སྙན་པོའི་མཚན་དང་མཐོན་པོའི་གོ་ས་ཡིས། །

དྭངས་པའི་རང་གཤིས་བཟང་པོ་མ་འགྱུར་ཅིང་། །

གང་ཅིར་རོགས་རམ་གང་གཟབ་གནང་བ་ཡིས། །

གྲོགས་ཀྱི་མཆོག་ནི་སེམས་ཀྱི་བརྟེན་སའོ། །

 

མཛེས་པའི་དཔལ་དང་ནོར་གྱིས་ཕོངས་ན་ཡང་། །

ཡ་རབས་གཤིས་དང་གྲོགས་ཀྱི་ལ་རྒྱས་ཕྱུག །

ཕན་པའི་ཚེ་ན་སྲོག་ཀྱང་གཏོང་ནུས་པའི། །

གྲོགས་ཀྱི་མཆོག་ནི་སེམས་ཀྱི་བརྟེན་སའོ། །

 

མ་འདོད་འཁོར་བའི་ལམ་དུ་འགྲོ་བ་ལ། །

འདོད་པ་གང་ཀུན་སེམས་སུ་མ་འབབ་ཀྱང་། །

ལས་ཀྱིས་བསྐོས་པའི་གྲོགས་པོ་དམ་པ་རྣམས། །

འདི་ཕྱི་གཉིས་ལ་གང་དགའ་གང་སྐྱིད་ཤོག །


  • ལེ་ཚན་སྔོན་མ།:དཔྱིད་ཀྱི་རང་མདངས།
  • ལེ་ཚན་རྗེས་མ།:ལྷག་བསམ་གྱི་རྔ་བོ།