དབུས་མཇལ་བ།

དབལ་ཤུལ་རང་བྱུང་།        2015-03-31

སྐར་མ་སྨིན་དྲུག་གི་མིག་ཆུ་ནག་པོ།།
དགུན་ཁའི་མཚན་མོ་རུ་དལ་གྱིས་བཞུར་དུས།།
ས་མཐའི་བུ་ཆུང་གི་སྐྱོ་བ་ཐན་ཐུན།།
གྲང་རླུང་ངར་མ་དེས་ཕྱོགས་སུ་གཏོར་སོང་།།
 
ས་མཐོའི་སྒལ་གཞོངས་ཀྱི་མར་མེ་ཚེ་འབར།།
ལག་ཟུང་གཉོམ་པོ་ཡིས་མཐོན་པོར་བཏེགས་དུས།།
ཨ་ཕྱི་རྒན་མོ་ཡི་རྒས་གཉེར་བར་ནས།།
བསྔོ་སྨོན་གསོལ་ཚིག་གི་རྔུལ་ཆུ་གྲིལ་སོང་།།
 
བན་བུན་དུད་སྨུག་གི་གསེང་རས་སྐྱ་བོས།།
རྫ་ལམ་ཀྱག་ཀྱོག་གི་མཐོང་ལམ་སྒྲིབ་དུས།།
དབུས་འགྲོ་མཇལ་བ་ཡི་ཡ་ཆུང་སྟོད་ལ།།
ཕྱིར་འཁྲེང་སྐྱོ་བ་ཡི་ཆར་སྨུག་འཐིབས་སོང་།།
 
རྒོད་པོའི་གཤོག་ཟུང་ལ་དམ་དུ་འཇུས་པའི།།
མཁའ་བགྲོད་མགྲོན་པོ་ཞིག་སྔོན་ལ་ཆས་སོང་།།
འབུ་ནག་ནུར་འགྲོས་ལ་མགྱོགས་དལ་འགྲན་པའི།།
རྐྱང་ཕྱག་འབུལ་མཁན་ཞིག་ཞག་ལུས་བརྒྱབས་སོང་།།
 
དབུས་དང་ཨ་མདོའི་བར་དད་པས་སྦྲེལ་འདུག།
དད་པའི་སྣེ་མོ་ན་འཇའ་ཚོན་འཕྲོས་འདུག།
འཇའ་ཚོན་མཛེས་སྡུག་ལ་སེམས་པ་ཤོར་བ།།
ཨ་མདོའི་མཇལ་བ་ཚོའི་ལས་དབང་ཡིན་ནམ།།
 
གངས་རིའི་ཕྲག་གོང་ནས་ལྷ་བསང་བཏང་ཞིང་།།
གཙང་བོའི་གྲུ་ཁ་ནས་མ་ཎི་མགུར་ཏེ།།
ཡུམ་བུ་བླ་མཁར་ལ་དད་ཕྱག་ཕུལ་བཞིན།།
ལྷ་སའི་ཐང་ཆེན་དུ་གོམ་ཁ་བསྒྱུར་སོང་།།
 
ཉི་མའི་ཟེར་ཐིག་གི་དྲོད་རླངས་ཁྲོད་ནས།།
ལོ་རྒྱུས་རེ་རེ་ཡི་བང་སོ་ཉུལ་དུས།།
ཉི་མ་ལྷ་ས་ཡི་སྐོར་ལམ་ནང་ནས།།
བཙན་པོ་སྲོང་བཙན་གྱི་ཞབས་རྗེས་རྙེད་སོང་།།
 
སྲོད་ཁའི་རླུང་བུ་ཡི་འཚུབ་སྐོར་ཁྲོད་ན།།
ཨ་མདོའི་སྤྲང་བོ་ཞིག་འཁྱར་མ་འཁྱོར་གྱིས།།
བར་སྐོར་མགྲོན་ཁང་གི་སྒོ་རའི་འགྲམ་ན།།
ངལ་དུབ་ཐང་ཆད་ཀྱིས་གཡས་སུ་ལོག་འདུག།
 
ནམ་ལངས་སྒོ་འབུད་ཀྱི་འགྲུལ་བ་བྲེལ་མོ།།
མུན་རུབ་ལོག་མེད་ཀྱི་མཇལ་བ་དལ་མོ།།
བྲེལ་མེད་དལ་མེད་ཀྱི་གནས་མཇལ་ཨ་ཇོས།།
དབུལ་གཙང་རི་བཞི་ལ་སྐོར་བ་བྱས་སོང་།།
 
 

  • ལེ་ཚན་སྔོན་མ།:ཁམས་པའི་བུ་མོ།
  • ལེ་ཚན་རྗེས་མ།:འཚོ་བའི་ཟབ་ས།