མཐོ་སྒང་སྐྱེས་མའི་རང་གཤིས་མ་དོར།

གཅན་ལུང་བསོད་རྒྱམ།        2018-03-09

ཡབ་མེས་བྱམས་བརྩེའི་རང་གཤིས་ལྡན་པའི་སྐྱེས་མ་ཚོ།།

དྭངས་བའི་སེམས་པར་འདམ་གྱི་དྲི་མས་མ་བྱུག་རོགས།།

ཁ་ཡག་ངང་གཤིས་བཟང་སྤྱོད་ལྡན་པའི་གནས་མ་དོར།།

མ་འོངས་མཐོ་སྒང་སྐྱེས་མའི་རང་གཤིས་མ་འཆུག་རེམ།།


འཚེ་མེད་རང་གཤིས་ཐུགས་བརྩེ་མངའ་བའི་སྐྱེས་མ་ཚོ།།

བྱམས་པའི་སེམས་པར་དུག་གསུམ་ཆུ་ཡིས་མ་སྦང་རོགས།།

ཀུན་ལ་ཕན་སེམས་སྤྱོད་པའི་གོམས་གཤིས་གནས་མ་དོར།།

མེས་མོ་གངས་རིའི་བརྒྱུད་འཛིན་སྐྱེས་མ་ཁྱོད་རྣམས་ཡིན།།


སྨྲ་བའི་ཚིག་གཤིས་འཇམ་པའི་གངས་རིའི་སྐྱེས་མ་རྣམས།།

ངང་གཤིས་རིང་བའི་སེམས་པ་རླུང་ཁར་མ་ཞུགས་རོགས།།

རང་གཞན་སྨན་པའི་བྱམས་སེམས་སྤྱོད་པ་གནས་མ་དོར།།

མ་འོངས་གངས་རིའི་གཅེས་ཕྲུག་བྱམས་པའི་སྐྱེས་མ་ཡིན།།


འགྱུར་མེད་དུང་བའི་རང་གཤིས་ཕྱུག་པའི་སྐྱེས་མ་རྣམས།།

བརྩེ་བའི་གསེར་གྱི་སྐུད་པར་གཡའ་ཡིས་མ་ཆགས་རོགས།།

གངས་རིའི་རང་གཤིས་བློ་གཏད་སྤྱོད་པའི་གནས་མ་དོར།།

སྦྲ་ནག་གཞིས་ཁྱིམ་བརྒྱུད་འཛིན་རུས་རིགས་སྐྱེས་མ་ཡིན།།


བག་ཕེབས་སེམས་ཀྱི་དྲོད་ཁར་དགྱེས་པའི་སྐྱེས་མ་རྣམས།།

ལྷོད་ཡངས་སེམས་ཀྱིས་སྤྱོད་པར་གུ་དོག་མ་བཟོ་རོགས།།

འགྲོ་ཀུན་སྨན་པའི་སྤྱོད་བཟང་བསམ་པའི་གནས་མ་དོར།།

མ་འོངས་གངས་རིའི་རང་གཤིས་བདག་མོ་ཁྱོད་ལས་མེད།།


མ་བཅོས་རང་གཤིས་སྒེག་པའི་ཉམས་ལྡན་སྐྱེས་མ་རྣམས།།

རེག་འཇམ་ལྡན་པའི་མཛེས་ཞལ་དུག་རྫས་མ་གོན་རོགས།།

མཐོ་སྒང་སྟག་ཤར་སེམས་ཀྱིས་གཏད་སོའི་གནས་མ་དོར།།

བསིལ་ལྡན་ཁ་བའི་མཛངས་མའི་སྐྱེས་མ་ཁྱོད་རྣམས་ཡིན།།


བསིལ་ལྡན་སྒང་པའི་གཤིས་རྒྱུད་གཙང་བའི་སྐྱེས་མ་རྣམས།།

ཁ་དཀར་དྭངས་གཙང་སེམས་པར་མེ་ཡིས་མ་བསྲེག་རོགས།།

ཡབ་མེས་གཅེས་པའི་གཤིས་རྒྱུད་བཟང་པོའི་གནས་མ་དོར།།

མ་འོངས་གངས་ལྗོངས་སྐྱེས་མའི་མིག་དཔེ་ཡོང་བརྩོན་རན།།


  • ལེ་ཚན་སྔོན་མ།:བོད་པའི་བུ་མོ་སྙན་པའི་གླུ་ཡིས་བསྟོད།
  • ལེ་ཚན་རྗེས་མ།:འཚོ་བའི་ངོ་གདོང་ནས་དཀྲོལ་བའི་རོལ་དབྱངས།