སྤེན་ཚེ་གཞོན་པ། 2018-03-09
ཨ་མ།
བྱམས་དང་བརྩེ་བས་སྐྱོང་མཁས་དྲིན་ཅན་མ།།
ལོ་ལོའི་སྙིང་གི་གང་བུ་དྲིན་ཅན་མ།།
དཀའ་སྤྱད་ཐེག་བཟོད་ཆེ་བའི་དྲིན་ཅན་མ།།
སྒྲོལ་མ་དཀར་མོའི་རྣམ་སྤྲུལ་དྲིན་ཅན་མ།།
མཛའ་མོ།
སྡུག་དུས་སེམས་གསོ་གཏོང་མཁས་མཛའ་ན་མོ།།
སྐྱིད་དུས་སྐྱིད་གླུ་ལེན་མཁས་མཛའ་ན་མོ།།
སྐྱིད་སྡུག་མཉམ་དུ་མྱོང་མཁས་མཛའ་ན་མོ།།
སེམས་དང་སེམས་པ་བརྟེན་ས་མཛའ་ན་མོ།།
གྲོགས་མོ།
ཨ་གསར་གསར་འགྲོགས་མི་ཆེ་རིགས་མཐུན་མ།།
མི་འགྱུར་མཉེས་གཤིས་ཆེ་བའི་འདང་ཅན་མ།།
སྡུག་དུས་མ་སྦྲན་རོགས་ཟླ་རིགས་བཟང་མ།།
མཛའ་གཅུགས་ཕྱི་ཐག་རིང་བའི་བཞིན་བཟང་མ།།
མནའ་མ།
རྒན་ལ་བཀུར་བསྟི་མཁས་པའི་ཡ་རབས་མ།།
ལས་བསྐོས་ཁྱོ་བོར་དུངས་བའི་བཞིན་བཟང་མ།།
སྙིང་གི་བུ་ལ་བྱམས་པའི་རིགས་སྐྱོང་མ།།
གྲོང་པ་ཁྱིམ་མཚེས་བསྟུན་མཁས་རིགས་བཟང་མ།།
འབྲོག་མོ།
དགོ་དགོ་བཞོ་དབྱངས་ཁྲོད་ཀྱི་འཇོ་སྒེག་མ།།
སྦྲ་འདབས་ཁུག་སོར་རྩེན་པའི་དམན་ཆུང་མ།།
འུར་རྡོ་ཀླད་ལ་བསྐོར་མཁས་ལུག་རྫི་མ།།
མཛའ་གཞས་ལ་གཞས་མཁས་པའི་ལུས་ཕྲ་མ།།
ཞིང་པ་བུད་མེད།
རྣང་ཞིང་གྲུ་བཞིའི་དཀྱིལ་གྱི་ཡིད་འོང་མ།།
རྨོན་མཛོའི་རྐང་རྗེས་འདེད་མཁས་ལུས་ཕྲ་མ།།
ཚར་མའི་ཕོན་ལྕོག་རྩིག་མཁས་སྐེད་མེད་མ།།
ཆང་གཞས་བྲོ་གར་མཁས་པའི་གར་མཁན་མ།།
དགེ་རྒན་བུད་མེད།
གདུལ་བྱ་བུ་བཞིན་སྐྱོང་བའི་ངག་འཇམ་མ།།
བློ་རྨོངས་མུན་པ་སེལ་བའི་ཟླ་གཞོན་མ།།
འོད་ཀྱི་ལམ་བུ་བསུ་བའི་སྐྱ་རེངས་མ།།
རྣམ་དཀར་བྱང་སེམས་ལྡན་པའི་ཏ་རེ་མ།།
རྩོམ་གསར། 10