ལས་འཕྲོ་མེད་པའི་བྱམས་པ།

སྟག་རིག་འབྲུག་ཐར།        2018-03-05

རྨ་ཡུལ་རྨ་ཆུའི་འགྲམ་ནས།།

ལས་དང་ལམ་གྱིས་འཕྲད་པའི། །

བུ་མོ་ཚེ་རིང་སྒྲོལ་དཀར། །

སྙིང་ཀི་ཕྱེད་ཀར་གྱུར་སོང་། །


མཐུན་པའི་ཡིད་ཀྱི་སྙིང་གཏམ།།

རྨ་ཆུའི་རླབས་བཞིན་བརྡོལ་བས། །

དུང་བརྩེ་གསེར་མིག་ཉ་མོ། །

བུ་ངའི་གཙང་བོར་འཁྱུད་སོང་། །


ཕན་ཚུན་དགའ་བའི་རྟེན་ལ། །

ལྷད་མེད་གསེར་གྱི་གདུ་བུ། །

བརྩེ་བ་ཕྱི་ཐག་རིང་བའི། །

མི་འགྱུར་སྐྱེས་སུ་བསྟབས་སོང་། །


ང་དང་སྙིང་སྡུག་མཐུན་པའི། །

དུང་བརྩེ་འགྱུར་མེད་རང་མདངས། །

དལ་མེད་ལྷོད་དུ་རྒྱུ་བའི། །

རྒྱུན་རིང་རྨ་ཆུ་ལི་མ། །


ལག་ཟུང་དམ་དུ་འཁྱུད་ཅིང་། །

གོམ་གསུམ་སྤོས་པའི་ཡུན་ལ། །

སྐར་མས་བཟོད་གླགས་བྲལ་བས། །

ཉི་འོད་གསེང་ནས་འཐོར་བྱུང་། །


ཚེ་གཅིག་གཏན་གྱི་སྐྱ་ཡ། །

མི་བཤིག་བྲག་རི་ལྷུན་པོ། །

གཡར་དམ་མནའ་ཚིག་བོར་བས། ། །

བདེ་སྐྱིད་རུས་ལ་བབས་བྱུང་། །


སོ་སོའི་བྱ་བའི་དབང་གིས། །

རེ་ཞིག་བྲལ་བའི་ཆོས་ཉིད། །

སྨེང་གཞས་ཁྲོད་ནས་ལུད་པ། །

མི་ལྡོག་གནམ་གྱི་བསྐོས་ཐང་། །


ང་རང་ཕ་མ་བྲལ་ནས།།

ལོ་ཟླའི་ཕྲེང་བ་བརྩེགས་ཀྱང་།།

མཇལ་འདོད་སེམས་ཀྱི་བརྩེ་བ།།

རྨི་ལམ་ཞིང་དུ་མ་ཤར།།


ཟླ་གཅིག་འགོར་བའི་ཡུན་ལ།།

མ་མཇལ་མཛའ་མོའི་ཞལ་རས།།

དྲན་པའི་མེ་ལོང་ངོས་སུ།།

རླབས་ཀྱི་ཝུ་བ་བརྩེགས་འདྲ།།


སེམས་པའི་ཤོག་དཀར་ངོས་ལ།།

བརྩེ་བའི་ཡིག་ཆུང་བྲིས་པ།།

སྤྲིན་པ་རྒྱང་བཞུད་ཅིག་གིས། །

མཛའ་མོའི་གུད་དུ་བསྣམས་རོགས། །


ང་དང་ཁེར་བགྲོད་ཟླ་བ།།

གནམ་ས་གཉིས་ཀྱི་གཞུང་ན།།

གྲོགས་མེད་གཅིག་པུར་རྒྱུ་ཡང་།།

འཁྲེང་ས་སྐར་ཆེན་ཁྱོད་ཡིན། །


ཆུ་ལྷའི་ཕྲག་གཞུང་བར་ནས།།

དུང་ཟླས་ཕྱིར་མིག་འཕེན་དུས།།

སེམས་ཀྱི་ཐོ་རེངས་སྐར་ཆེན།།

བསྐྱུར་འདོད་གཏན་ནས་མེད་སོང་། །


ལོ་ཟླའི་འཁོར་བགྲོད་སྐྱེན་པོ། །

མི་རྟག་ནམ་མཁའི་གློག་ཞགས། །

མཛའ་མོར་འཕྲད་པའི་དུས་ཆད། །

སླེབས་ཀྱང་གྲིབ་རིས་མ་མཐོང་། །


གཞོན་པའི་སེམས་ཀྱི་འགྱུར་ལྡོག།

དབྱར་གཞུང་སྤྲིན་པའི་འགྱུ་རྩལ།།

ཚིག་གསུམ་གཏམ་གྱི་སྙིང་བོ།།

གོམ་གསུམ་བར་ནས་བརྗེད་ཐལ།།


མཐོང་ཡང་ཟིན་ཐབས་དབེན་པ།།

བྱེ་མའི་ཀློང་གི་སྨུག་རྒྱུ།།

མྱོང་ཡང་སྙིང་བོ་བྲལ་བ།།

འཇིག་རྟེན་འཁོར་བའི་བརྩེ་དུང་།།


  • ལེ་ཚན་སྔོན་མ།:སྟོན་ལོ་སེར་པོ།
  • ལེ་ཚན་རྗེས་མ།:གནམ་གྱི་ཕྱེད་ཀ་འདེགས་པའི་གྱད་མི་དེ་སུ་ཡིན།