རྩྭ་ལོ།

རྗེས་རབས་པ།(དཀར་མཛེས)        2018-01-22

ཁོ་མོའི་ལུས་ཀྱི་བ་སྤུ་རེ་རེ་བཞིན།

ཡང་ན་མཆུ་སྒྲོས་མཚམས་ཀྱི་འོད་ཀྱི་ཟེགས་མ་རེ་རེ་བཞིན།

སའི་གོ་ལར་མཛེས་སྡུག་བསྐྲུན།

རང་བྱུང་ཁམས་ཀྱི་ཉིན་སྲིབ་རེ་རེར།

རང་ཉིད་ཀྱི་བརྩེ་དུངས་དང་རང་དབང་གི་སྐྱེས་སྟོབས་བཤད་སྲིད།

 

རྩྭ་ལོ།

ང་ཡི་ནོར་ཁྱུ་དེད་ནས་རྩྭ་ཐང་གི་འཚོ་བ་རོལ་མྱོང་།

ང་ཡི་རྟ་ཁྱུར་བཅིབས་ནས་བར་སྣང་གི་མེ་ཏོག་བཏུས་མྱོང་།

ང་ཡི་ཆེད་དུ།

རང་ཉིད་ཀྱི་སྐྱེ་འཆིར་བསམ་བློ་གཏང་མ་མྱོང་།

རང་ཉིད་ཀྱི་བདེ་སྐྱིད་འཚོལ་བར་བྲོ་འཁྲབ་མ་མྱོང་།

 

རྩྭ་ལོ།

བསམ་གཞིག་གི་རི་མོའི་སྟེང་དུ་སྐྱེས་སྲིད་པའི་རྩྭ་ལོ།

ཤ་ཁྲག་གི་བཙན་མཁར་སྟེང་དུ་སྐྱེས་སྲིད་པའི་རྩྭ་ལོ།

ཕ་ཡུལ་གྱི་ཉི་ནུབ་རེ་རེར།

ཁྱེད་ནི་ང་ཡི་ལུ་ཁྱུ་བཞིན་སེམས་ཀྱི་བང་རིམ་ཁེབས་ཡོད་ལ།

ཁྱེད་ནི་ང་ཡི་མུན་པ་བཞིན་མེས་པོའི་རྨི་ལམ་གསལ་ཡོང་།

དེ་བས།   ངས་ཀྱང་དྲན་སྲིད་པ་ནི་ཁྱེད་ཀྱི་བློ་སྤོབས་དང་རུས་པ་ཁོ་ནའོ།

 

རྩྭ་ལོ།

ཁྱེད་ནི་དུས་ཚིགས་རེ་རེ་བཞིན་འགྱུར་འགྲོ་བ་ཞིག་ག་ལ་ཡིན།

སྒོ་དང་སྒེའུ་ཁུང་མེད་པའི་རྩྭ་ལོ།

དབྱིབས་དང་ཁ་དོག་མེད་པའི་རྩྭ་ལོ།

འུ་གཉིས་ཀྱི་བར་བཞག་མྱོང་བའི།

ཁ་བའི་རྡུལ་དང་ཆར་ཆུའི་མེ་ཏོག

རྒྱུས་ཡོད་ཀྱི་མིག་མདངས་སོགས་ནི།

ཚིག་གི་སྐྲ་ལོར་བཏགས་པའི་རྨི་ལམ་གྱི་བྱ་ཁྱུ་སྟེ།

ཁོ་བོའི་སེམས་ཀྱི་མཚོ་རླུང་ཡང་ཡང་བསྐུལ།

 

རྩྭ་ལོ།

ཕ་ཡུལ་གྱི་རྩྭ་ལོ།

རྩྭ་ལོ་ལྗང་གུ།


  • ལེ་ཚན་སྔོན་མ།: ཚངས་དབྱངས་ལྷ་མོ།
  • ལེ་ཚན་རྗེས་མ།:ཕྱིར་དྲན།