སོ་སོ་སྐྱེ་བོའི་ཁྲོད་དུ།

གཅན་མེ་སྟག (མགོ་ལོག)        2018-01-22

 

གཞན་དག་དང་བསྡུར་ན།

འགྲེལ་བཤད་བྱེད་ཐབས་མེད་པའི་ལས་དབང་ཞིག་ཡིན་ངེས།

                            

ང་ལ་གཞན་དང་མི་འདྲ་བའི་མེས་པོ་ཞིག་ཡོད་ངེས།

ཕར་ཆེར།

ང་ནི་བྱ་ཚང་གཅིག་ནས་གཤོག་པ་རྒྱས་ཏེ།

བར་སྣང་འགྲིམས་པའམ།

ཡང་ན་ལུས་ལ་ཉ་ཁྲབ་གྱོན་ཏེ།

སྡོང་རྒན་དེ་དག་གི་རྩ་བ་ནས་འཁྱུག་འགྲོས་བྱས་པ་ཡིན་ངེས།

 

རང་བྱུང་ཁམས་ཀྱི་མཛོད་ཁང་འདིའི་ནང་དུ།

རིན་པོ་ཆེ་དང་རྡོ་བའི་རིགས་སྣ་ཚོགས་བསྡུས་འདུག

ཕ་ལམ་རྡོ་དང་གཡུ་བྱུར།མུ་ཏིག    རྡོ་གཡའ་མ།

རིགས་གང་ཞིག་སྐེ་ལ་བཏགས་ཀྱང་མཛེས་པ་སྟེ།

ཟད་ནས་དུམ་གྲུགས་སུ་སོང་ནའང་།

རང་གི་ལུས་དང་ཤིན་ཏུ་འཚམས་པར་བཤད།

 

ཡིན་ནའང་ངས་དེ་དག་གདམ་ཐབས་མི་འདུག

ངས་དེ་དག་ལ་ཡུས་འཁང་བྱེད་ཐབས་མི་འདུག

ང་མ་གཞི་ནས་ཁྱུ་དང་བྲལ་བའི་མི་ཞིག་སྟེ།

གྲོག་མའི་ཚང་ངམ།    ཉ་མོའི་ཁྱུའམ།

བུང་བུང་གི་སྐད་སྒྲ་འབྱིན་པའི་སྦྲང་ཚོགས་ཤིག་ལས།

རླུང་གིས་དེད་ཅིང་འཁུར་འོང་བའི།

ཡུལ་ལྗོངས་ལྷག་མ་ཞིག་ཡིན་ངེས།

 

གལ་ཏེ།    ང་རང་སྐྱེ་ནོར་ཤོར་ཏེ།

དམུ་རྒོད་ཀྱི་ཚོ་ཁག་ཅིག་ཏུ་སྐྱེས་ཤིང་།

ཕྱི་རོལ་གྱི་འགྲོ་ལམ་ཡོད་ཚད་ཀྱང་བཀག་སྡོམ་བྱས་ཡོད་ན།

ལས་དབང་གིས་ང་ལ་ཀུ་རེ་ཐེངས་གཅིག་རྩེ་བ་སྟེ།

ང་ལ་མ་ཐོབ་པའི་དྲན་པ་དེ་དག་དང་།

བསྡུས་བརྗོད་ཀྱི་དུངས་སེམས་དེ་དག

སྔ་མོ་ནས་སུ་ཞིག་གིས་བརླག་ཚར་ངེས།

 

ཡང་ན་ང་ད་དུང་ང་ཡིན་སྲིད།

གཞན་ལས་ཁྱད་འཕགས་ཤིག་མིན་ལ།

ཡང་ན།

ང་ནི།

གཞན་དང་གཏན་ནས་བསྡུར་ཐབས་མེད་པ་དེ་ཡིན་ངེས།


  • ལེ་ཚན་སྔོན་མ།: སྐྱོ་བ་ངེས་མེད།
  • ལེ་ཚན་རྗེས་མ།: ཚངས་དབྱངས་ལྷ་མོ།