འབྲོག་མོའི་ལས་དབང་།

ཚེ་རིང་ལྷ་མཚོ། དཀར་མཛེས།        2018-01-15

ལྕི་འདམ་དང་ལྷས་རའི་བར་ལང་ཚོ་ངོམ་ཞིང་།

འུར་རྡོ་དང་གནག་ནོར་དབུས་དུས་ཚིགས་བརྗེ།

སྦྲ་ནག་དང་ལུང་སྟོང་ན་བརྩེ་དུང་གླེང་ཞིང་།

འོ་མར་ཁོ་ན་ལས་བསམ་བྱ་དབེན་པའི་འབྲོག་མོ་ལགས།

ཁྱེད་ལ་མཛེས་སྡུག་གི་ཞལ་རས་མཆིས་ཀྱང་།

དྲན་ཤེས་ཀྱི་མེ་ལོང་ཆག་པས་ཕུགས་བསམ་དང་དམིགས་འདུན་རྙིད།

ཁྱེད་ལ་དྭངས་གཙང་གི་སེམས་པ་ཡོད་ཀྱང་།

མདུན་སྐྱོད་ཀྱི་སྤོབས་པ་ཆུང་བས་རྗེས་ལུས་དང་ཕམ་ཁ་ཉོས།

ཁྱེད་ལ་སྙན་འཇེབས་ཀྱི་གྲེ་བ་མངའ་ཡང་།

ཤེས་ཡོན་གྱི་གོ་འཕང་དམའ་བས་རང་དབང་གི་མིག་ཟུང་བགྲད་མ་ཕོད།

དེའི་ཕྱིར། ཁྱེད་ལ་དབང་བ་ནི་གྲལ་མཐའ་ཡི་ཀོ་སྟན་དེ་ལས་གཞན་མེད་པས།

འབྲོག་མོ་ལགས།

ང་རང་དངོས་གནས་ཁྱེད་ཀྱི་ལས་དབང་ལ་ལྟ་བཞིན་མིག་ཆུ་ཤོར། 


  • ལེ་ཚན་སྔོན་མ།:མི་ལུས་རིན་ཆེན་སེམས་ཀྱི་བྲན་དུ་གྱུར།
  • ལེ་ཚན་རྗེས་མ།:ཞིས་མོའོ་རོང་གི་སྙན་ངག་གཉིས།