རིག་པའི་གླང་པོ་རྗེས་སུ་དྲན་པའི་གདུང་དབྱངས་སྤོས་དཀར་ལྗོན་པའི་དྲི་བསུང་།

འཇུ་སྐལ་བཟང་།        2010-05-12

རིག་པའི་གླང་པོ་རྗེས་སུ་དྲན་པའི་གདུང་དབྱངས་སྤོས་དཀར་ལྗོན་པའི་དྲི་བསུང་།

ཁ་བ་འཕུར་བ་བས་མཐའི་ཞིང་ཞིག་ན།།
ངོ་མཚར་རིག་པའི་ཁོ་ལག་སྟོབས་དར་བ།།
ཐལ་དཀར་མཆེ་བ་དྲུག་ལྡན་ས་སྲུང་མཆོག།
འཇིགས་མེད་རྒྱུ་བའི་སྐལ་བ་གནམ་གྱིས་བྱིན།།
གྲགས་པའི་མུ་ཁྱུད་གོ་ལའི་མཐར་བཟླུམས་པས།།
སྤྲིན་གྲོལ་མེ་ཏོག་སོ་ཅན་རྣ་བའི་འདབ།།
གཏན་དུ་མི་གཏོང་ལྕགས་ཀྱུའི་ཆོ་ག་རུ།།
གྲུབ་པའི་གཏམ་གྱིས་སུ་ཡི་ཡིད་མ་བསྡུས།།
ཀྱེ་མ་ནམ་མཁའི་མིག་ཡངས་ལས།།
གདུང་ཡུས་གསར་བའི་ན་བུན་ལྡང་།།
ཐོལ་གྱིས་བབས་པ་མིག་ཆུའི་རྒྱུན།།
འགྲམ་པའི་ལྟོ་ལ་འཁྱག་པར་ལྷུང་།།
མྱ་ངན་སྦྲུམ་པའི་ལྗིད་དག་གིས།།
སྤྲིན་གྱི་ལྟོ་བ་དམར་གྱུར་པས།།
ཁ་བའི་རི་ཡི་གདོང་བ་ལ།།
རེ་ཞིག་ཉི་མའི་སྣང་བ་བསྒྲིབས།།
མཛད་བཟང་འོད་ཀྱི་སོར་མོ་ཡིས།།
སྙིང་གི་དགའ་བ་བརྒྱ་ཕྱེ་ཡང་།།
ཐོལ་གྱིས་བརྡུངས་པ་གཏམ་གྱི་རྔས།།
ཡིད་ལ་གདུང་བའི་རླབས་རིས་བརྩེགས།།
ལྷག་པར་ལྔ་རིག་འདབ་སྟོང་རོ།།
ཟོས་པའི་སྒྲེགས་པ་བསུང་ཞིམ་པོ།།
མྱངས་པའི་ཚུལ་ལ་ཡིད་ཕྱོགས་ཀྱིན།།
སྐྱོ་བའི་ཆུ་རགས་ཁོར་མོར་བརྡོལ།།
འོན་ཀྱང་ཕུ་ཡི་གངས་ཆེན་དག།
སླར་ཡང་གནའ་བོའི་རིགས་རྒྱུད་ལ།།
སྨན་པའི་མཛད་བཟང་སྣང་བའི་གོས།།
ཁྱོད་ལས་བླངས་ཏེ་གཟི་བྱིན་སྐྱེད།།
མདའ་ཡི་ཆུ་ཀླུང་ཉལ་འགྲོ་མ།།
དེས་ཀྱང་སྙན་པའི་རོལ་མོ་ཡིས།།
ཁྱོད་ཀྱི་གྲགས་པ་མེ་ཏོག་འདབ།།
འཐུ་ཞིང་མཐའ་ཡི་རྒྱ་མཚོར་འགྲོ།།
ད་ནི་ཁྱོད་ཀྱི་འབངས་དག་ཀྱང་།།
སྙིང་རུས་སོར་མོའི་ཡལ་འདབ་ཀྱིས།།
མིག་ཆུའི་རྒྱུན་མ་བཅད་གྱུར་ཏེ།།
རྗེས་སུ་སློབ་པའི་ལམ་དག་འཚོལ།།
སྐུ་ཚབ་ཡིད་ཀྱི་སྣང་བརྙན་གསུང་ཚབ་ལེགས་བཤད་རྒྱུན།།
ཐུགས་ཚབ་རང་རིགས་ལྷག་བསམ་གཏན་དུ་སྡུད་མེད་པར།།
ཕ་ནོར་རིན་ཆེན་བང་བར་གཏན་དུ་བཞག་ཡོད་ན།།
རྗེས་འཛིན་བྱིན་རླབས་སྐལ་བ་འདི་ལས་ཅི་ཞིག་དགོས།།
སླར་ཡང་བཀའ་དྲིན་ཞུའོ་འཛིན་མའི་ཟེ་བ་ལ།།
གཟི་བྱིན་ལན་གཅིག་བྱུགས་འདི་བཀའ་དྲིན་གཞལ་དུ་མེད།།
ཐུགས་དགོངས་རྫོགས་པར་མཛོད་ཅིག་སྟོང་ཆེན་ནམ་མཁའི་དབྱིངས།།
མ་འཇིག་འཕྲིན་ལས་མཐའ་ཡང་ཁྱོད་ལ་ཉམས་མི་འགྱུར།།
 
 

  • ལེ་ཚན་སྔོན་མ།:གནས་སྐབས་མེད།
  • ལེ་ཚན་རྗེས་མ།:དགེ་འདུན་ཆོས་འཕེལ།།