ཁམས་ཁུལ་གྱི་གཏམ་དཔེ་རྣ་བའི་བདུད་རྩི།།

གངས་དབང་གིས།        2013-01-28

ཁམས་ཁུལ་གྱི་གཏམ་དཔེ་རྣ་བའི་བདུད་རྩི།།
༡གཏམ་དྲང་ན་རྒྱ་གཏམ་བོད་ལ་འགྲོ།
གཏམ་མ་དྲང་ཕ་གཏམ་བུར་མི་འགྲོ།
༢ སྐད་ཆ་ཉུང་ཡང་མགོ་རྔ་ཚང་།
ལུང་པ་ཆུང་ཡང་རྩྭ་ཆུ་འཛོམས།
༣ ཕར་གཏམ་རལ་གྲི་སོ་གཉིས།
ཚུར་བཤད་བྲ་བོ་ཟུར་གསུམ།
༤ ཕོ་རབ་གཏམ་གྱིས་བསླུ།
ཕོ་འབྲིང་རྒྱུ་ཡིས་བསླུ།
ཕོ་མཐའ་ཟས་ཀྱིས་བསླུ།
༥ ཕོ་ཁ་མོ་ཡིས་སྒྱུར།
རྟ་ཁ་སྲབ་ཀྱིས་སྒྱུར།
༦ ཕྱི་ལ་ཞབས་བྲོ་རྒྱག་རྒྱུར།
ནང་ནས་རྡོ་གྲལ་འགྲིག་དགོས།
༧ ཕྱུག་པོའི་རྒྱུ་ལ་མ་ལྟ།
བཙན་པོའི་གཏམ་ལ་མ་ཉན།
༨ མཐོ་ནས་མཐོ་ཚོད་མ་ཟིན་ན།
མཐོ་རྒོད་ཚང་ཐོག་གིས་གཏོར་རབས་ཡོད།
དམའ་ནས་དམའ་ཚོད་མ་ཟིན་ན།
དམའ་བྱིའུ་ཚང་མཛོ་ཡིས་རྫི་རབས་ཡོད།
༩ ལ་ལས་ནད་པ་ཨེ་སོས་བསམ་ནས་འདྲི།
ལ་ལས་ནད་པ་ཨེ་ཤི་བསམ་ནས་འདྲི།
༡༠ བོང་བུས་ཕུབ་མ་འགམ་འགམ་དེ།
ཁ་དཀར་རྐྱང་གིས་འགམ་ལེ་མིན།
གླང་རྒན་ན་ཆུ་བཙག་བཙག་དེ།
བྲེ་སེར་འབྲོང་གིས་འཐུང་ལེ་མིན།
༡༡ གོས་ཆེན་རལ་ཡང་རི་མོ་མི་ཡལ།
དཔའ་བོ་ཤི་ཡང་སྙན་གྲགས་མི་ཉམས།
༡༢ གྲོགས་པོས་གྲོགས་པོ་བསླུ་བ་དེ།
དགོད་བཞིན་དགོད་བཞིན་བསླུ་བ་ཡིན།
༡༣ དགེ་རྒན་མེད་པའི་དགེ་ཕྲུག
ཁ་ལོ་མེད་པའི་རྐྱང་འདྲ།
སྣ་ལོ་མེད་པའི་འབྲོང་འདྲ།
༡༤ སེང་གེ་མེད་པའི་ལུང་པ་ནས།
  ཝ་མོ་རི་དྭགས་རྒྱལ་པོར་འདུག
༡༥ མི་རྒྱུས་མི་ཡིས་ལོན་པར་ཚེ་གཅིག
  ཁྱི་རྒྱུས་ཁྱི་ཡིས་ལོན་པར་ཞག་གཅིག
༡༦ བསམ་པ་ཡར་སེམས་ཟུངས།
སྐུད་པ་ཡར་འཁེལ་གྱིས།
༡༧ བར་ཆད་ནང་ནས་ཉམས་མྱོང་འཕེལ།
ཉམས་མྱོང་ནང་ནས་ཤེས་རིག་འཕེལ།
༡༨ མཁས་པ་མི་གཙོ་རྒྱུས་ཡོད་གཙོ།
༡༩ ཁ་དཀར་རྐྱང་ལ་ཁ་ལོ་བཏུལ།
  བྲེ་སེར་འབྲོང་ལ་སྣ་ལོ་བཏུལ།
༢༠ རྟ་རྒན་དྲིན་ལས།
བན་རྒན་ལྷ་སར་ཐོན།
༢༡ རྟ་ཨ་གསར་གྱིས་གསོད།
མི་ཨ་གསར་གྱིས་གསོ།
༢༢ བསྟོད་འདོད་ན་སྣབས་ལ་ཚྭ་དྲི་བྲོ།
སྨད་འདོད་ན་སྤོས་ལ་སྐྱག་དྲི་བྲོ།

 

  • ལེ་ཚན་སྔོན་མ།:ཁམས་པའི་གཏམ་དཔེ།
  • ལེ་ཚན་རྗེས་མ།:འབའ་ཡི་དར་བཤད་ཐོས་པ་ཀུན་དགའ།