གསེར་ཆུ་དངུལ་ཆུ་འཕྲོག་པའི་གཏམ།
ཐུབ་བསྟན་གྱིས། 2011-03-15
ལོ་གསར་ཚེས་གཅིག་ཉིན་གྱི་ཉི་དྲོས་རྒྱབ་ཙ་ན། ཀུན་འཛོམས་སྡེ་བའི་གྲོང་འགོའི་མ་ཎི་རྡོ་སྤུངས་ཀྱི་ཁོར་ཡུག་ཀུན་ཏུ་རྒན་གཞོན་བར་མའི་གྲོང་མི་མང་པོ་འདུས་འཚོགས་བྱས་ནས་དོན་དག་གང་ཞིག་རྩོད་གླེང་བྱས་པའི་སྐད་སྒྲས་གཡོན་ཕྱོགས་སུ་བཞུར་བཞིན་པའི་ཆུ་ཕྲན་དེའི་བཞུར་སྒྲ་ཡང་མི་ཚོར་བར་བྱས། དེའི་ཚེ་སྨྱུག་འཛིན་པ་ཡང་དེ་རུ་འབྱོར་བས་ཞིབ་ཏུ་རྩད་གཅོད་བྱེད་པའི་ཚེ་མདང་སོང་ཁྱིམ་ཚང་སོ་སོས་ལོ་གསར་གྱི་གསེར་ཆུ་དངུལ་ཆུ་འཕྲོག་པའི་གནད་དོན་ཞིག་ཡིན་པ་གཞི་ནས་རྟོགས།
ད་ལོའི་གསེར་ཆུ་ནི་ངེད་ཚང་གིས་འཕྲོག་ཐུབ་ཡོད་པ་ཐག་ཆོད་དེ། གང་རེད་ཟེར་ན་ངེད་ཚང་གི་དེ་ཕོ་ནི་སྡེ་བ་འདིའི་ནང་གི་སྐད་གཏོང་ཆེས་སྔ་བའི་སད་བྱ་ཡིན་པ་ཚང་མས་ཁས་ལེན་གྱི་རེད། ཨ་ཁུ་དབང་འདུས་ཀྱིས་དུ་བ་རྐང་གཅིག་ལ་མེ་སྒྲོན་ཏེ་སྐད་གསང་མཐོན་པོའི་ངང་དེ་ལྟར་བཤད།
ཨ་ཁུ། དེང་སང་སད་བྱས་སྐད་གཏོང་སྔ་མི་སྔ་ལ་ལྟ་མཁན་སུ་ཡོད། གསེར་ཆུ་ནི་ངེད་ཚང་གིས་འཕྲོག་ཐུབ་པའི་གདེང་ཚོད་ང་ལ་ཡོད་དེ་ངས་ལོ་སར་པའི་ཅོང་སྒྲ་གྲག་པ་དང་ཆུ་ལེན་དུ་རྒྱུག་སོང་བས་ང་ལས་མགྱོ གས་པ་སུ་ཞིག་ཡོད། གཞོན་ནུ་བཀྲ་འཕེལ་གྱིས་ཨ་ཁུ་དབང་འདུས་ཀྱི་ཚིག་མགོ་བཅགས་ཏེ་གདོང་ལ་རྒྱལ་ཁ་ཐོབ་པའི་དཔའ་ཉམས་ཤིག་ཤར་བཞིན་སྐད་རྒྱབ་བྱུང་།
བུ་ཆུང་དོན་འགྲུབ་ཀྱིས་ཧ་ཧ་ཧི་ཧི་ཞེས་དགོད་སྒྲ་སྒྲོག་པ་དང་དགའ་སྤྲོའི་འཕག་མཆོང་རྒྱག་ཞོར་དུ། གཅེན་པོ་བཀྲ་འཕེལ་ལས་ང་མགྱོ གས་ཡོད། ཅི་རེད་ཟེར་ན་ང་རང་གིས་ཆུ་ཟོ་ཁྱེར་ནས་སྒོ་འགྲམ་གྱི་རང་བྱུང་ཆུ་སྦུག་གི་ཁ་རུ་སྒུག་ནས་ལོ་གསར་གྱི་ཅོང་སྒྲ་དང་པོ་གྲག་པ་དང་ཆུ་ལེན་པ་ཡིན། ད་ལོའི་གསེར་ཆུ་ནི་ངེད་ཚང་གི་མིན་ན་སུས་ཚང་གི་རེད་ཟེར། དེ་ལྟར་རྩོད་གླེང་གི་མཚོ་རླབས་གཅིག་འཇགས་གཅིག་འཕྱོར་བྱེད་བཞིན་པའི་སྐབས་དེར། ལོ་ན་དོན་དྲུག་སོན་པའི་ཨ་མྱེས་ཚེ་རིང་གིས་དངུལ་གྱི་མཐའ་ཤན་བརྒྱབ་ཡོད་པའི་སྣ་རྭ་ལས་སྣ་ཐ་སེན་མོ་གང་བླུག་རྗེས་སུར་སྒྲ་དང་བཅས་པ་སྣ་ཁུང་གཡོན་པ་ནས་འཐེན་བཞིན་ཡིད་ཚིམ་པའི་ངང་ནས་ཤུགས་རིང་ཞིག་བཏང་སྟེ་ངང་རྒྱུད་རིང་པོའི་སྒོ་ནས་ད་ཁྱོད་ཚོས་འུར་མ་རྒྱག ང་ཚོས་ལོ་གསར་གྱི་གསེར་ཆུ་དངུལ་ཆུ་འཕྲོག་པའི་སྲོལ་ད་བར་དུ་རྒྱུད་འཛིན་བྱས་ཐུབ་པ་དེ་ཧ་ཅང་བཟང་གི སྔ་མ་ཡིན་ན་རང་ཚོ་སྡེ་བར་ཆུ་ལེན་གནས་གཅིག་མ་གཏོགས་མེད་པས་གསེར་ཆུ་དངུལ་ཆུ་འཕྲོག་པའི་ཚེ་བྱ་ཕོས་སྐད་གཏོང་སྔ་ཕྱི་དང་བང་མགྱོ གས་དལ་ལ་མི་ལྟ་ཁག་མེད་ཡིན། ད་ལྟར་ཏང་གི་དམངས་ཕན་སྲིད་ཇུས་བཟང་པོ་ལག་བསྟར་དོན་འཁྱོལ་བྱུང་བས་རང་བྱུང་ཆུ་སྦུག་ཁྱིམ་ཚང་སོ་སོའི་སྒོ་འགྲམ་དུ་ཁྲིད་ཚར་བའི་མཐུན་རྐྱེན་བཟང་པོ་འཛོམས་ཟིན་པའི་སྟབས་ཀྱིས་ལོ་སར་བའི་ཅོང་སྒྲ་གྲག་པ་དང་ཚང་མ་གསེར་ཆུ་དངུལ་ཆུ་ལེན་དུ་ཕྱིན་ཙང་ངས་བལྟས་ན་ད་ལོར་ཚང་མས་བླངས་པའི་ཆུ་ནི་གསེར་ཆུ་རང་ཡིན་ལ། ཏང་དང་སྲིད་གཞུང་གིས་ང་ཚོ་ལ་གནང་བའི་བདེ་སྐྱིད་ཀྱི་ཆུ་ཞིག་ཀྱང་ཡིན་ནོ་ཞེས་ཨ་མྱེས་ཚེ་རིང་གི་གཏམ་མཇུག་རྫོགས་མ་ཐག་ཚང་མས་ཡི་རང་བའི་ཐལ་སྒྲ་ཧྲག་ཧྲག་ཏུ་གྲག་སྟེ་ངོ་གདོང་ལ་དགའ་སྤྲོའི་ཉམས་ཀྱིས་ཁེངས་བཞིན་རང་རང་སོ་སོའི་ཁྱིམ་དུ་ལོག་སོང་ལ། བདེ་དྲོད་ཀྱི་མཁའ་དབུགས་ཤིག་ཀྱང་སྡེ་བའི་བར་སྣང་ཀུན་ཏུ་ཁྱབ་འགོ་ཚུགས་སོང་།