ཞྭ་མོ་གྱང་གི་ཕྱི་ལ་གཡུག་དགོས།

ཕུར་བུ་བཀྲ་ཤིས་དང་ལྷུན་གྲུབ་ཀྱིས་རྩོམ་སྒྱུར་བྱས།        2017-04-12

    དཀའ་ཚེགས་ཆེ་བའི་དོན་ཞིག་གམ་རང་གི་སེམས་ནས་བསྒྲུབ་མི་འདོད་པའི་བྱ་བ་ཞིག་ཡིན་ན་མི་རྣམས་ཀྱིས་རྟག་ཏུ་འདི་ལ་གཡོལ་ཐབས་ཀྱིས་ཕྱིར་བཤོལ་བྱེད་ཀྱི་ཡོད། ཁོ་བོའི་དགའ་ཉེ་བློ་དཀར་ཚོས་འདི་ལྟར་གཡོལ་ཐབས་བྱེད་དུས་ངས་ཁོང་ཚོར་རྟག་ཏུ་རང་གི་ཞྭ་མོ་གྱང་གི་ཕྱི་ལ་གཡུག་དགོས་ཞེས་ཁ་ཏ་བྱེད་ཀྱི་ཡོད།  

   འོ་ན་ཁོ་བོའི་སྐད་ཆ་དུམ་བུ་དེའི་དོན་གང་ཞིག་ཡིན་ནམ་ཞེ་ན། འདི་ནི་ང་རང་ཆུང་ངུའི་དུས་སུ་ཡབ་དམ་པས་གནང་བའི་བཀའ་སློབ་ཅིག་སྟེ། ཁྱེད་རང་གྱང་མཐོན་པོ་ཞིག་ལ་འཛེགས་ནས་ནང་དུ་འཛུལ་དགོས་ཤིང་། གྱང་ཤིན་ཏུ་མཐོ་བས་དཀའ་ཉེན་ལ་སྐྲག་སྟེ་སླར་ཡང་ཕྱིར་བཤོལ་བྱེད་པར་བརྩམས་པའི་གནས་སྐབས་སུ། ངེས་པར་དུ་ཁྱེད་རང་གི་མགོ་ལ་གྱོན་པའི་ཞྭ་མོ་འདི་སྔོན་ལ་གྱང་འདིའི་ནང་དུ་གཡུག་དགོས། འདི་ལྟར་བྱས་པས་ད་གཟོད་ཁྱེད་ཀྱིས་རང་ནུས་ཡོད་རྒུ་བཏོན་ཏེ་ཅིས་ཀྱང་གྱང་འདིའི་ནང་དུ་འཛུལ་ངེས་སོ་ཞེས་གསུངས་པའོ།།  

    དོན་དུ་བཀའ་མོལ་དུམ་བུ་འདི་ནི་ཡབ་དམ་པ་ཁོང་གི་སྐུ་ཚེ་ཧྲིལ་པོའི་རིན་ཐང་བྲལ་བའི་མྱོང་བ་དངོས་ཤིག་ཡིན། ཁོང་དང་ཐོག་འཁྲུངས་ཡུལ་ནི་གྲོང་ཁྱེར་འདི་ནས་ལེ་དབར་བརྒྱ་ལྷག་ཙམ་ཡོད་པའི་གྲོང་གསེབ་ཅིག་ཏུ་ཡིན་པ་དང་། རི་གྲོང་གི་འཚོ་བའི་ཆ་རྐྱེན་ཤིན་ཏུ་དབུལ་ཞིང་ཕོངས་པས་དགུང་ལོ་ཉི་ཤུ་ལ་ཕེབས་སྐབས་ཁོང་གིས་སྙིང་ནས་གཅེས་པའི་ཕ་མ་སྤུན་མཆེད་དང་ཁ་བྲལ་ཏེ་ཆ་རྒྱུས་མེད་པའི་གྲོང་ཁྱེར་ཆེན་པོ་འདིའི་ནང་འཚོ་བ་གསར་པ་ཞིག་འཚོལ་དུ་ཡོང་། སྐབས་དེ་དུས་ཁྱིམ་ནས་ཐོན་སྐབས་ཁོང་ལ་བར་དུ་རྒྱུག་པའི་གཙང་པོ་འདི་བརྒལ་བྱེད་ཀྱི་གྲུ་ཆུང་ཞིག་ལས་གཞན་གྱི་ཅ་དངོས་སྣ་གཅིག་ཀྱང་མེད། འདུ་འཛི་ཆེ་བའི་གྲོང་ཁྱེར་ཆེན་པོ་འདིའི་ནང་གྲོང་གསེབ་ཀྱི་ཕྲུ་གུ་ཞིག་ལ་འཚམས་པའི་ལས་ཀ་ཞིག་རག་རྒྱུ་ནི་ཤིན་ཏུ་དཀའ་བས་ཐེངས་དུ་མ་བཙལ་ཡང་འབྲས་བུ་གང་ཡང་མ་བྱུང་། ཁོང་ལ་བློ་ཕམ་ཆེན་པོ་བྱུང་སྟེ་སླར་ཡང་གྲུ་ཆུང་བཏང་ནས་ཁྱིམ་ལ་ལོག་རྒྱུའི་འདུན་པ་འཆར། འོན་ཏེ་འདི་ལྟ་བུའི་སོམ་ཉིའི་རྒྱ་རུ་ཚུད་པའི་དུས་སུ་ཁོང་གིས་རང་གིས་རང་ལ་སྐུལ་ལྕག་བྱེད་དེ་ཞྭ་མོ་གྱང་གི་ཕྱི་ལ་གཡུགས་པའི་བྱ་ཐབས་འདི་ཉིད་སྤྱད་ཡོད་དེ། གནས་སྐབས་བཟའ་བཏུང་གི་ངལ་བ་སེལ་སླད་རང་ལ་ཡོད་པའི་གྲུ་ཆུང་འདི་ཕམ་འཚོང་བྱས་པ་དང་། ཕྱིར་བཤོལ་བྱེད་པའི་རེ་བ་གཅིག་པུ་སྟེ་གྲུ་ཆུང་འདི་ཡང་མེད་པས་ཁོང་ལ་རྒྱབ་རྟེན་བྱེད་སའི་ལམ་གང་ཡང་མེད་པར་གྱུར་ཞིང་མུ་མཐུད་དུ་མདུན་སྐྱོད་མི་བྱེད་ཐབས་མེད་དུ་གྱུར་རོ། །

    གཟའ་འཁོར་ཁ་ཤས་ཕྱིན་རྗེས། མི་ཚེའི་གཡང་གཟར་དུ་ལྷུང་གྲབས་ཡོད་པའི་ཁོང་རང་གིས་ཀུང་སི་ཆེན་པོ་ཞིག་གི་ནང་དུ་ལས་ཀ་ཐབས་ཆག་ཅིག་རག་ཡོད་པ་དང་། སྔོན་བསགས་ཀྱི་ལས་སྨོན་བཟང་པོ་ལས་ངའི་ཨ་མ་དང་འགྲོགས་འདྲིས་བྱུང་། དཀའ་སྡུག་མཉམ་མྱོང་གི་ཕ་མ་གཉིས་པོས་ལོ་ཟླ་དུ་མའི་རིང་ལུས་སེམས་ཀྱི་དཀའ་བ་དུ་མ་ཁྱད་དུ་བསད་པས་འཚོ་བའི་འཁོས་ཀ་ཇེ་ལེགས་སུ་གྱུར་ཡོད་པར་མ་ཟད། མཐར་འབྱོར་ལྡན་པའི་ཁྱིམ་ཚང་ཆེན་པོ་ཞིག་ཏུ་གྱུར། དུས་ཕྱིས་སུ་ཡབ་ཀྱིས་རང་གི་མྱོང་བ་བཞིན། བྱ་གཞག་ཅིག་གི་དོན་དུ་དཀའ་ཉེན་མཐའ་དག་རྡོག་པས་མནན་ཏེ་བློ་གཅིག་སེམས་གཅིག་གིས་འཇུག་རྒྱུ་འདི་ནི་ལས་དོན་འདི་ཉིད་ལེགས་སྒྲུབ་ཡོང་བའི་སྔོན་འགྲོའི་ཆ་རྐྱེན་ཞིག་ཡིན་ཞེས་ཁོ་བོར་བཀའ་སློབ་ཡང་ནས་ཡང་དུ་གནང་གིན་ཡོད། །  

  • ལེ་ཚན་སྔོན་མ།:རྡོ་ཞིག་ཡིན་རུང་ནོར་བུར་གྱུར་སྲིད།
  • ལེ་ཚན་རྗེས་མ།:སེམས་ཅན་ཟགས་ཞེས་པ།