རྒྱལ་བུ་སྐར་མ་ལྷ་མཐོང་།(༢)

རབ་བརྟན་དགེ་ལེགས་ཕུན་ཚོགས།        2018-01-08

  རྒྱལ་བུ་སྐར་མ་ལྷ་མཐོང་།(༢)

   དེ་ནས་སྐར་མ་ལྷ་མཐོང་སེམས་ཁོང་དུ་ཆུད་ནས་ཁྲ་ཐུར་ཞི་ལུའི་ཁྱིམ་དུ་བྱུང་བར། མ་རྒན་གྱིས་རྒྱལ་པོ་ཚང་གིས་ལྷམ་ལ་རིན་ཅི་སྦྱིན་འདུག་བཟླས་པས། སྐར་མ་ལྷ་མཐོང་གིས་དཔོན་ལུས་མི་གསུང་དགུ་གསུང་། གཡོག་ལུས་མི་གོ་དགུ་གོ་གཅིག་གོ་ཐལ་ཟེར་ནས་རྒྱལ་པོ་ཚང་གིས་ཟེར་ཚུལ་རྣམས་བཤད། དེ་ནས་རྒྱལ་པོའི་བུ་མོ་རྩད་གཅོད་དུ་སྐར་མ་ལྷ་མཐོང་འགྲོ་བར་བརྩམས་ཚེ་ཁྲ་ཐུར་ཞི་ལུ་མ་བུ་གཉིས་ཀྱང་འགྲོ་གྲབས་བྱེད་པ་ན། སྐར་མ་ལྷ་མཐོང་གིས་ཁྱེད་གཉིས་ས་འདི་ན་གནས་པའི་ས་བདག་ཡིན་པས་འགྲོ་རྒྱུ་མེད་ཟེར་ནས་འགྲོར་མ་བཅུག །སྐར་མ་ལྷ་མཐོང་ལུང་པ་ལུང་ཆེན་གཅིག་གི་ཁོག་ནས་ཡར་སོང་སྟེ་བལྟས་པས་ལུང་པའི་ཕུ་ན་མི་མང་པོ་འདུ་ར་འཚོགས་ནས་ཡོད་པ་མཐོང་། ཁོ་དེར་སོང་བས་འདུ་ར་གྲོལ་ནས་འོང་བའི་མི་རྒན་ལོ་ལོན་ངོ་མཆི་མས་བརླན་པ་ཞིག་དང་ཐུག་སྟེ། ཁྱོད་ཅི་ཕྱིར་ངུ་བ་ཡིན་ཞེས་དྲིས། ལོ་ལོན་དེས་ཡུལ་འདིར་སྲིན་པོ་ཧ་ལ་མགོ་དགུ་ཟེར་བ་ཞིག་ཡོད་པར་ལོ་རེ་བཞིན་བུ་སྟག་ལོ་པ་རེ་དང་བུ་མོ་འབྲུག་མོ་པ་རེ་ཤ་ཁྲལ་སྤྲོད་དགོས་པར། ད་ལོ་སྡེ་རྣམས་གྲོས་བྱས་དུས་ཁོ་བོ་ལ་བུ་སྟག་ལོ་པ་ཞིག་ཡོད་པ་ཤ་ཁྲལ་སྤྲོད་རྒྱུའི་རེས་ལ་བབ་སོང་བས་ངུ་བ་ཡིན་ཟེར། སྐར་མ་ལྷ་མཐོང་གིས་བསམ་མནོ་ཞིག་བཏང་ནས་རྒས་པོ་སེམས་སྡུག་མ་བྱེད་དང་། ང་རང་སྟག་ལོ་པ་ཡིན་པས་ཁྱོད་ཀྱི་བུ་ཡི་ཚབ་ཏུ་ད་ལོར་ཤ་ཁྲལ་ལ་ཁོ་བོ་སྤྲོད་པས་ཆོག་ཅེས་བཤད། མི་རྒན་གྱིས་དེ་ལྟར་མི་ཡོང་བའི་ཚུལ་མང་དག་ཅིག་བཤད་པར། སྐར་མ་ལྷ་མཐོང་གིས་ང་རང་ཚར་དུས་ཚར་བ་ཡིན། ཤུལ་དུ་ཕ་མ་དང་ཉེ་འབྲེལ་སོགས་མྱ་ངན་བྱེད་མཁན་སུ་ཡང་མེད་པས་ཤ་ཁྲལ་སྤྲོད་མི་ཆོག་རྒྱུ་ཅི་ཡང་མེད་བཟླས་པས། མི་རྒན་གྱིས་དེ་ལྟར་ན་ཁོའི་བུ་དེ་ད་ལོར་ཚེ་ཐར་འགྲོ་བར་འདུག་ཟེར་ནས་ཁྱིམ་དུ་ཁྲིད་ནས་སོང་། སྐར་མ་ལྷ་མཐོང་གིས་ད་ཇི་ལྟར་བྱེད་ནས་ཤ་ཁྲལ་སྤྲོད་དགོས་བཟླས་པས། མི་རྒན་གྱིས་དེ་རིང་ཕྱི་འཕྲེད་ཙམ་ནས་རོགས་པ་ལ་བུ་མོ་འབྲུག་ལོ་པ་ཞིག་སླེབས་འོང་བ་དེ་དང་མཉམ་དུ་སྲིབ་ཉག་ལ་མཚེར་དཀར་རིལ་ཟེར་ས་ན་སོང་བས་མཚན་མོར་སྲིན་པོ་ཧ་ལ་མགོ་དགུ་ཟེར་བ་སླེབས་འོང་ཟེར། དེ་ནས་ཉི་མ་ཕྱི་འཕྲེད་ཙམ་ན་བུ་མོ་འབྲུག་ལོ་པ་ཞིག་བྱུང་བ་ན་སྐར་མ་ལྷ་མཐོང་དེ་དང་འགྲོགས་ནས་ལ་ཁ་སྲིབ་ཉག་ལ་མཚེར་དཀར་རིལ་ཟེར་ས་ན་སོང་བས་ལམ་དུ་རྩིད་པ་སྒྲིལ་བ་ཞིག་འདུག་པ་མཐོང་བས། སྐར་མ་ལྷ་མཐོང་གིས་བུ་མོ་དེ་ཁྱེར་འགྲོ་དང་མཁོ་བའི་དུས་ཤིག་ཡོད་ཟེར་བར། བུ་མོས་ཨེ་འདྲའི་བདག་འཛིན་ཟེར་བ་ཤུགས་ཆེ་བ་ལས་ད་རྩིད་སྒྲིལ་ཞིག་གིས་ཅི་བྱེད་དགོས་བསམས། དེ་ནས་སོང་བས་ལམ་ཁར་ཤིང་མང་པོ་འདུག་པ་ན་སྐར་མ་ལྷ་མཐོང་གིས་སེ་བའི་གཞུ་ཞིག་བཟོས་པར་སྔར་གྱི་རྩིད་སྒྲིལ་དེས་གཞུ་ཐིག་བཟོས་ནས་སྤྲད། སྐྱེར་པས་མདའ་འགའ་བཟོས་པའི་རྩེ་ལ་དུག་ཨ་རུ་ཁྲག་ཞོན་ཟེར་བ་བྱུག །དེ་ནུབ་ལ་རྩ་དེ་ནས་སྒུག་སྟེ་བསྡད་པས་ནམ་གུང་མ་ཟིན་ཙམ་ན་ནམ་མཁའ་ནས་འུར་སྒྲ་ཆེན་པོ་ཞིག་གྲགས་པ་དང་སྲིན་པོ་ཧ་ལ་མགོ་དགུ་སླེབས་བྱུང་བར། སྐར་མ་ལྷ་མཐོང་གིས་མདའ་ཞིག་འཕངས་པ་འདྲེ་རྒན་གྱི་མགོ་ལ་ཕོག་སྟེ་གོ་རྒྱུ་ཅི་ཡང་མེད་པར་གྱུར། ཕྱིར་ནངས་ནམ་གསལ་ནས་བལྟས་དུས་ལ་འགྲམ་དེར་འདྲེ་རྒན་གྱི་མགོ་གཅིག་བཅད་ནས་ལྷུང་འདུག་པ་ན། སྐར་མ་ལྷ་མཐོང་གིས་ད་རེད་འདུག་ཟེར་ནས་སྲིན་པོའི་མགོ་བོ་ཁུར། བུ་མོ་ཁྲིད་ནས་ཕྱིར་ལུང་པ་དེར་སླེབས་པ་ན། སྲིན་པོ་བསད་པའི་གྲགས་གཡེར་གྱིས་མི་ཚོགས་སྟོང་ཕྲག་དུ་མ་འདུས་ཤིང་། དེ་ལ་ན་གཞོན་ཕལ་ཆེར་གྱིས་ནི་སྲིན་པོ་བསད་ཚར་ཡོད་ཟེར་ནས་སྐར་མ་ལྷ་མཐོང་ལ་བསྔགས་བརྗོད་བྱེད་པ་དང་། འགའ་རེས་ནི་སྲིན་པོ་ལ་ད་དུང་མགོ་བརྒྱད་ཡོད་པས་བསད་ཐུབ་མེད་ཟེར་བ་དང་། ལོ་ལོན་འགའ་རེས་ནི་སྲིན་པོ་ལ་ཕར་གནོད་པ་བསྐྱལ་བས་ད་ནི་ཡུལ་ཁམས་འདིའི་མི་ཕལ་ཆེར་བཟའ་རྒྱུ་རེད་ཟེར་བ་སོགས་གཏམ་འདྲ་མིན་སྣ་ཚོགས་བསྒྲགས། དེ་ནས་སྐར་མ་ལྷ་མཐོང་གིས་ཁ་སང་སྲིན་པོ་དེ་སོད་ཡོད་མེད་ཆ་མ་འཚལ་བས་ཁོ་བོའི་དཔུང་རོགས་ལ་མི་འགའ་འགྲོ་ནུས་ན་སྲིན་པོ་ཁོ་རང་གིས་བསད་པས་ཆོག་ཟེར། དེ་ནས་ལུང་པ་དེའི་ནང་ནས་མི་འགའ་གསལ་གསལ་བཀྲབས་བཀྲབས་བྱས་ནས་གོ་མཚོན་དང་བཅས་སྐར་མ་ལྷ་མཐོང་གི་དཔུང་རོགས་ལ་བཏང་། སྐར་མ་ལྷ་མཐོང་དཔུང་རོགས་རྣམས་དང་བཅས་སྔར་སྲིན་པོའི་མགོ་བཅད་སའི་ཉེ་འགྲམ་ན་སོང་བས་ཁྲག་རྗེས་ཆེན་པོ་འདུག །དེ་ནས་སྐར་མ་ལྷ་མཐོང་གིས་སྲིན་པོ་རྨས་རྗེས་འཕུར་རྒྱུ་མེད་པ་ཤེས་ནས་སྲིན་པོའི་ཁྲག་རྗེས་དེད་དེ་ལ་ལུང་མང་པོ་བརྒལ་ནས་སོང་བས། མཐར་བྲག་རི་མཐོན་པོ་གནམ་ལ་ཟུག་པ་ཞིག་དང་ཐུག་སྟེ་དེའི་བྲག་ཁུང་ཞིག་ན་ཁྲག་རྗེས་ཡོད་པ་མཐོང་། སྐར་མ་ལྷ་མཐོང་བྲག་ཁུང་དུ་འཛུལ་ནས་སྲིན་པོ་གསོད་སར་འགྲོ་བར་བརྩམས་ཀྱང་རོགས་རྣམས་སྐྲགས་ནས་འགྲོ་མ་ནུས་པ་ན། སྐར་མ་ལྷ་མཐོང་གིས་སྤྱིར་ན་རང་སྲོག་ལས་རྩིས་ཆེ་བ་ཞིག་མེད་པས་ཁྱོད་རང་ཚོ་འགྲོ་དང་མི་འགྲོ་རང་རང་གིས་མདང་རྒྱོབ། ཁོ་བོས་ནི་སྲིན་པོ་གསོད་ཡོང་བཟླས་ནས་དཔའ་ཁས་བླངས། དུག་ལྕེས་ལྡག་ནས་འོང་བ་ཡིན་པས་ཕྱིར་ལོག་རྒྱུ་མིན་ཞེས་བཤད་པས་དཔུང་རོགས་རྣམས་འགྲོ་མ་ནུས་པར་ཕྱིར་ལོག །སྐར་མ་ལྷ་མཐོང་བྲག་ཁུང་ནས་སོང་བས་མཚམས་ཞིག་ན་གསལ་ཧ་རེ་སོང་། དེར་བལྟས་པས་ནམ་མཁའ་ལ་ཉི་མ་དམར་ལོང་ལོང་དུ་ཤར་ཞིང་། ལུང་པའི་ནང་ན་ཁང་པ་སྨུག་ཤིག་གེ་བ་ཞིག་ཡོད་པ་མཐོང་། དེར་སོང་སྟེ་ཁང་འགྲམ་ཆུ་ལམ་ཡོད་ས་ཞིག་ནས་སྒུག་སྟེ་བསྡད་པས་མཚམས་ཤིག་ན་བུ་མོ་ལོ་ན་ཆུང་བ་ཞིག་གིས་ཀ་ཏོ་ར་ཞིག་ཁྱེར་ནས་དེར་བྱུང་བ་ན། སྐར་མ་ལྷ་མཐོང་གིས་ལྷམ་ལས་རྒྱལ་པོའི་བུ་མོ་ཡིན་པ་ཤེས་ཏེ། དེ་ལ་སྐད་ཆ་དྲིས་པས་མོ་རང་རྒྱལ་པོའི་བུ་མོ་ཡིན། ལ་ཁར་རྫི་བོར་སོང་དུས་སྲིན་པོས་ཁྲིད་དེ་ནམ་མཁའ་ནས་ཁུར་སོང་བར། ནགས་གསེབ་ནས་ཁྲ་ཐུར་ཞི་ལུས་ཤིང་གཅོད་པའི་སྒྲ་འདྲ་ཞིག་གོ་བས་ཁྲ་ཐུར་ཞི་ལུ་ཟེར་ནས་བོས་ཏེ་རྐང་པ་གཡུགས་པས་ལྷམ་ཡ་དེར་ལྷུང་སོང་ཞིང་། ད་ལྟར་སྲིན་པོའི་ཆུང་མ་བྱས་ནས་བསྡད་ཡོད་ཟེར། དེ་ནས་སྐར་མ་ལྷ་མཐོང་གིས་སྔར་གྱི་ལོ་རྒྱུས་མཐའ་དག་བཤད་དེ་སྲིན་པོ་གསོད་སར་ཡོང་ཚུལ་བཤད་པས། རྒྱལ་པོའི་བུ་མོས། དེ་ལྟར་ན་ཤིན་ཏུ་ལེགས། ཁ་སང་སྲིན་པོ་ཤ་ཁྲལ་ལེན་དུ་སོང་བས་སྟབས་མ་ལེགས་པར་མགོ་གཅིག་བཅད་དེ་རྨས་སྐྱོན་ཆེན་པོ་ཐེབས་ནས་ཕྱིར་སླེབས་བྱུང་ཞིང་། ན་ཟུག་ཤིན་ཏུ་ཆེ་བས་ད་ལྟར་སྲིན་པོ་ཉལ་ནས་ཡོད། ཁོ་མོ་སྲིན་པོའི་རྨ་དཀྲི་རས་ལ་ཆུ་རྒྱག་ཕྱིར་འདིར་འོང་བ་ཡིན་ཞེས་ཟེར། དེ་ནས་སྐར་མ་ལྷ་མཐོང་གིས་བུ་མོ་ཁྱོད་རང་ཕར་སོང་ལ་སྲིན་པོའི་མགོ་ཡི་རྨ་དཀྲིས་བརྗེས། ཞོར་དུ་སྲིན་པོ་ཁྱོད་ལ་ལག་ཆ་ཅི་འདྲ་ཡོད་ཅེས་དྲིས་ལ། དེ་ནས་སྲིན་པོས་མ་མཐོང་ས་ནས་ལག་ཆ་གང་བཟང་བ་དེ་ཉིད་ཁྱེར་ལ་ཤོག་ཅེས་བཤད། རྒྱལ་པོའི་བུ་མོ་སེམས་ཤིན་ཏུ་དགའ་བས་དེ་བཞིན་བྱས་ནས་སྲིན་པོ་ལ་སྐད་ཆ་དྲིས་པས། སྲིན་པོས་ཁོ་བོ་ལ་ལག་ཆ་བཟང་པོ་ཤིན་ཏུ་མང་བ་ཞིག་ཡོད་མོད། 

   

རྒྱལ་བུ་སྐར་མ་ལྷ་མཐོང་།(༢)

 

  དེའི་ནང་ནས་མཆོག་ཏུ་གྱུར་པ་ནི་སྲིན་སྟ་དམར་པོ་ཟེར་བའི་དགྲ་སྟ་ཤིན་ཏུ་བཟང་པོ་ཞིག་ཡོད་པ་དེ་ཡིན་ཞིང་། མི་ཕར་བསད་རང་ཚུར་གསོད་དགོས་ན་དེ་ལས་ལྷག་པའི་ལག་ཆ་ཞིག་གཏན་ནས་མེད་ཟེར། དེ་ནས་རྒྱལ་པོའི་བུ་མོས་ལྐོག་ནས་སྲིན་སྟྭ་ཡུ་དམར་བརྐུས་པ་སྐར་མ་ལྷ་མཐོང་ལ་སྤྲད་དེ། སྲིན་པོ་འཐིབ་ཏུ་སོང་སྐབས་ཤིག་ལ་གསོད་དགོས་འདུག་ཅེས་བཤད། སྐར་མ་ལྷ་མཐོང་གིས་སྲིན་པོའི་ཁང་པ་ལ་བལྟས་པས། སྲིན་པོས་ཤ་ཁྲལ་བླངས་པའི་མི་རྣམས་བསད་པའི་མགོ་ཁ་ནང་དུ་བསྟན་ནས་བརྩིགས་པས་ཁང་པའི་ནང་ནས་མི་མགོས་ངོ་ཁྲོབས་སེ་འདུག་ཅིང་། ཕྱི་ནས་བལྟས་ཚེ་ཅོ་ཏོས་སྨུག་ཤིག་གེར་ཡོད་པ་མཐོང་བས་ལྷག་ཏུ་སྲིན་པོའི་སྟེང་ཁོང་ཁྲོ་ཆེན་པོ་སྐྱེས། དེ་ནས་རྒྱལ་པོའི་བུ་མོས་བརྡ་སྦྱར་ནས་སྲིན་པོ་འཐིབས་སུ་སོང་སྐབས་ཤིག་ལ་སྐར་མ་ལྷ་མཐོང་ནང་དུ་སོང་བས་གཞན་སུ་ཡང་མི་འདུག་ཅིང་། སྲིན་པོའི་མགོ་ལ་སྟ་རེས་གཅིག་བསྣུན་གཉིས་བསྣུན་བྱས་ནས་སྲིན་པོ་བསད་དེ་ཤ་ཁྲག་གིས་དགྲ་ལྷ་ཝེར་མའི་ཚོགས་ལ་མཆོད་པ་བྱས། དེ་ནས་རྒྱལ་པོའི་བུ་མོས་རྒྱུས་ཡོད་བྱས་ནས་སྲིན་པོའི་ཁང་པའི་སྒོ་རྣམས་ཐམས་ཅད་ལ་སྟ་རེ་རེ་བརྒྱབ་ནས་གཏོར་བས། སྲིན་ཚང་ནང་ན་གསེར་དངུལ་དང་། གཟི་བྱུར་གཡུ་གསུམ། དར་གོས་འཕྲུག་གསུམ་སོགས་ཀྱི་ཡོ་བྱད་དཔག་ཏུ་མེད་པ་འདུག་པ་མཐོང་། དེ་ནས་ཁང་པའི་ཕྱི་ལ་འོང་བས་ཁང་རྒྱབ་ལམ་ཟུར་ན་རྡོ་ཕ་བོང་ཞིག་གི་འོག་ཏུ་བུ་ཆུང་དཀར་པོ་དུང་དང་འདྲ་བ་ཞིག་མནན་འདུག་པར། སྐར་མ་ལྷ་མཐོང་གིས་བུ་ཆུང་འདི་ཕྱིར་ལོན་ཐབས་བྱེད་དགོས་ཟེར་ནས་སྟ་རེས་ཕ་བོང་དེ་ལ་གཅིག་བརྒྱབ་པས་བུ་ཆུང་དེས་ཁ་གྲགས་ཏེ། ཁྱོད་ཀྱིས་ང་ལ་བརྩེ་བས་ཕྱིར་བཏོན་དགོས་བསམ་ནས་སྟ་རེས་བསྣུན་པ་ཡིན་ན། ཕ་བོང་ཐོག་ལ་ནཱ་ག་རཀྵ་ཟེར་བའི་ཡིག་འབྲུ་ཞིག་ཡོད་པ་དེ་གཙོགས་དང་ཆོག་ཅེས་ཟེར། སྐར་མ་ལྷ་མཐོང་གིས་དེ་བཞིན་བྱས་པས་འོག་གི་བུ་ཆུང་དེས། ད་ཁྱོད་གཉིས་ཕ་བོང་འདིའི་འགྲམ་དུ་མ་འདུག་པར་གཞན་ཞིག་ཏུ་སོང་དང་ཁོ་བོ་ཕྱིར་འོང་བས་ཆོག་ཅེས་ཟེར། སྐར་མ་ལྷ་མཐོང་གིས་རྒྱལ་པོའི་བུ་མོ་ཁྲིད་ནས་ལོགས་ཤིག་ཏུ་སོང་བས་ཀླུ་ཕྲུག་གིས་ཕ་བོང་བསྒྱེལ་ནས་ལངས་བྱུང་ཞིང་། སྐར་མ་ལྷ་མཐོང་གིས་དེ་ལ་སྐད་ཆ་དྲིས་པས། བུ་ཆུང་དེས་ཁོ་བོ་ཀླུ་རྒྱལ་མི་མགོན་དཀར་པོའི་སྲས་པོ་ཡིན། མཚོ་ཁར་རྩེད་མོ་རྩེ་རུ་ཡོང་དུས་སྲིན་པོ་ཧ་ལ་མགོ་དགུས་བཟུང་ནས་ཕ་བོང་གི་འོག་ཏུ་མནན་པ་ཡིན་ཞེས་བཤད། སྐར་མ་ལྷ་མཐོང་གིས་ཁོ་བོ་ཡབ་རྒྱལ་པོ་བསྙུང་ནས་ཤེལ་གྱི་ཧོང་ལེན་སྨུག་པོ་བཙལ་དུ་འོང་བ་ཡིན་ཚུལ་བཤད་པས། ཀླུ་ཕྲུག་གིས་ནོར་བུ་ཧོང་ལེན་སྨུག་པོ་ཁོང་ཚང་ལ་ཡོད་པས་འོག་མ་ཀླུ་ཡུལ་དུ་འགྲོ་དང་ལོན་པར་བྱེད་ཅེས་ཟེར། དེ་ནས་སྐར་མ་ལྷ་མཐོང་དང་། རྒྱལ་པོའི་བུ་མོ། ཀླུ་ཕྲུག་གསུམ་པོ་ཕྱིར་འོང་ནས་སྔར་སྲིན་པོ་ལ་ཤ་ཁྲལ་སྤྲོད་དགོས་པའི་སྡེ་པ་རྣམས་ལ་སྲིན་པོ་ཧ་ལ་མགོ་དགུ་བསད་ཚུལ་བཤད་པས་སྐྱེ་བོ་ཁྲི་ཕྲག་དུ་མ་འདུས་ནས་གླུ་བྲོ་གར་གྱི་དགའ་སྟོན་ལ་རོལ་པར་བྱས་ཤིང་། རྒྱལ་པོའི་བུ་མོ་སྲིན་པོས་ཁྲིད་པ་དང་ཀླུ་རྒྱལ་མི་མགོན་དཀར་པོའི་སྲས་པོ་སྲིན་པོས་མནན་དུ་བཏབ་པ་གཉིས་ཀྱང་ཁྲིད་ཡོད་པས་ཐམས་ཅད་ཧ་ལས་པར་གྱུར། དེ་ནས་ཡུལ་དེའི་སྡེ་པ་རྣམས་ཀྱིས་རྒྱལ་པོ་བྱས་ནས་སྡོད་དགོས་ཟེར་ཡང་། སྐར་མ་ལྷ་མཐོང་གིས་ཡབ་རྒྱལ་པོ་སྙུང་ནས་སྨན་གྱི་ཆེད་དུ་འོང་བ་ཡིན་པས་དཔོན་པོ་བྱས་ནས་སྡོད་རྒྱུ་མེད་ཚུལ་བཤད། དེ་ནས་ཤེལ་གྱི་ཧོང་ལེན་སྨུག་པོ་ལེན་དུ་འོག་མ་ཀླུ་ཡུལ་ལ་འགྲོ་རྒྱུ་བྱས་ཏེ་ཀླུ་རྒྱལ་གནས་པའི་མཚོ་ཁར་སླེབས་པ་ན། ཀླུ་ཕྲུག་གིས་ཀླུ་ཡུལ་ལ་སྐད་བཏང་བས་དང་ཐོག་ཉ་རུས་ལྕོང་གསུམ་སོགས་ཀྱི་ཆུ་གནས་སྲོག་ཆགས་མང་པོ་བསུ་བར་བྱུང་ཡང་། ཀླུ་ཕྲུག་གིས་ཁྱོད་ཅག་འདྲ་བས་བར་མ་གཉན་གྱི་མི་དག་བསུ་བར་བྱས་ན་སྔངས་སྐྲག་སྐྱེ་བར་དོགས་པས་ཀླུའི་བུ་དང་བུ་མོ་རྣམས་ཀྱིས་རྟ་ཞིག་འཁྲིད་ལ་ཤོག་ཅེས་སྨྲས། དེ་ནས་ཀླུའི་བུ་དང་བུ་མོ་གཟུགས་མཛེས་ཤིང་ལྟ་ན་སྡུག་པ་མང་པོས་རྟ་དཀར་པོ་ཞིག་ཁྲིད་དེ་བྱུང་བར་སྐར་མ་ལྷ་མཐོང་གིས་ཞོན་རྒྱལ་པོའི་བུ་མོ་ཕྱི་འཕོངས་ལ་བཞག་ནས་འགྲོ་བར་བརྩམས་པ་ན། ཀླུ་རྣམས་ཀྱིས་ཁྱོད་གཉིས་ཀྱིས་མིག་ཚུམས་ཟེར་བར། ཁོང་གཉིས་ཀྱིས་མིག་བཙུམས་ནས་ཅུང་ཟད་བསྡད་པས་འོག་མ་ཀླུ་ཡུལ་དུ་སླེབས་ནས་འདུག །དེ་ནས་ཀླུ་རྣམས་ཀྱིས་བསུས་ཏེ་གཙུག་ན་རིན་ཆེན་གྱི་ཕོ་བྲང་དུ་སོང་བ་ན་ཀླུ་རྣམས་ཀྱི་བསོད་ནམས་ཀྱི་སྟོབས་ཀྱིས་རྒྱལ་པོའི་ཕོ་བྲང་གི་ཕྱི་ནང་ཐམས་ཅད་རིན་པོ་ཆེ་ལས་གྲུབ་ཅིང་། སྒོ་ཡི་ཡ་ཐེམ་ལ་གསེར་གྱི་རྡོ་རྗེ་དང་། མ་ཐེམ་ལ་དངུལ་གྱི་རྡོ་རྗེ། སྒོ་ལོགས་ལ་གཡུང་དྲུང་གི་རེ་ཁཱ་སོགས་མི་ཡུལ་ལས་འདས་པའི་ལོངས་སྤྱོད་ཁྱད་པར་འཕགས་པ་ཤ་སྟག་ཏུ་སྣང་། དེ་ནས་གསེར་གྱི་ཁྲི་ལ་སྐར་མ་ལྷ་མཐོང་དང་། དངུལ་གྱི་ཁྲི་ལ་རྒྱལ་པོའི་བུ་མོ་བཞུགས་བཅུག་ནས་ཀླུ་རྣམས་ཀྱིས་ནོར་སྣ་ཁྱད་པར་འཕགས་པ་མང་པོ་འབུལ་བ་བྱས། དེ་ནས་སྐར་མ་ལྷ་མཐོང་གིས་ཀླུ་ཕྲུག་ལ་ད་ཇི་ལྟར་བྱེད་དགོས་དྲིས་པས། ཀླུ་ཕྲུག་གིས་ཀླུའི་རྒྱལ་པོས་ཁྱོད་རང་འོག་མ་ཀླུ་ཡུལ་ན་གཏན་དུ་སྡོད་དགོས་ཟེར་བར་སྡོད་ལོང་མེད་ཅེས་ཤོད། ཡང་ན་ལོ་གསུམ་དང་དེ་མིན་ན་ཟླ་བ་གསུམ་འདུག་དགོས་ཟེར་བར་སྡོད་རྒྱུ་མིན་ཞེས་ཟློས། འོ་ན་ཞག་གསུམ་སྡོད་དགོས་ཟེར་བར་སྡོད་ཆོག་ཅེས་སྨྲོས། དེ་ནས་ཀླུའི་རྒྱལ་པོས་ནོར་སྣ་ཁྱད་པར་འཕགས་པ་མང་པོ་འབུལ་བ་ལ་དེ་རྣམས་བདག་ལ་མི་དགོས། བདག་ལ་དགོས་པ་ནི་ཀླུ་ཚང་གི་རྟེན་སྒམ་ན་ཡོད་པའི་ཤེལ་གྱི་ཧོང་ལེན་སྨུག་པོ་ཟེར་བ་དེ་ཡིན་ཞེས་ཤོད་ཟེར། དེ་ནས་ཉིན་ཞིག་ལ་ཀླུའི་རྒྱལ་པོ་བློན་འབངས་འཁོར་དང་བཅས་པ་འཛོམས་ཏེ་ཀླུའི་རྒྱལ་པོས་སྐར་མ་ལྷ་མཐོང་ལ། བདག་གི་བུ་མཚོ་ཁར་རྩེ་རུ་སོང་བ་སྲིན་པོ་ཧ་ལ་མགོ་དགུས་ཁྲིད་ནས་ཕ་བོང་གི་འོག་ཏུ་མནན་དུ་བཏབ་པ་ཁྱོད་ཀྱིས་ཕྱིར་བླངས་སྟེ་ཚེ་སྲོག་གི་འཇིགས་པ་ལས་བསྐྱབས་པར་བྱས་པས་ཁྱོད་འདྲའི་ཕན་བཏགས་དྲིན་ཆེན་ཞིག་འཇིག་རྟེན་ན་མེད། དེས་ན་ཁྱོད་རང་འོག་མ་ཀླུ་ཡུལ་ནས་ཀླུའི་ནོར་རྫས་ལ་ལོངས་སྤྱོད་ནས་གཏན་དུ་སྡོད་དགོས་ཟེར་བར། སྐར་མ་ལྷ་མཐོང་གིས་གཏན་དུ་སྡོད་ལོང་མེད་ཅེས་བཤད། ཡང་ན་ལོ་གསུམ་དང་དེ་ལྟར་མིན་ན་ཟླ་བ་གསུམ་དུ་འདུག་དགོས་ཟེར་བར་སྡོད་ལོང་མེད་ཅེས་སྨྲས། འོ་ན་ཞག་གསུམ་ལ་སྡོད་དགོས་ཟེར་བར་ཡ་བཟླས་ནས་ཞག་གསུམ་ལ་སྡོད་རྒྱུ་བྱས། དེ་ནས་ཀླུ་ཡི་རྒྱལ་པོས་ཀླུ་ཡུལ་གྱི་དཀོར་ནོར་དང་ནོར་བུའི་རིགས་ཁྱད་པར་འཕགས་པ་མང་པོ་ཕུལ་བ་ལ། སྐར་མ་ལྷ་མཐོང་གིས་འདི་རྣམས་ཀྱིས་བདག་ལ་མཁོ་བྱ་ཆེར་མེད་པས་མི་དགོས། རང་ལ་དགོས་པ་ནི་ཁྱོད་རང་ཀླུ་རྒྱལ་གཙུག་ནའི་རྟེན་སྒམ་དུ་ཡོད་པའི་ཤེལ་གྱི་ཧོང་ལེན་སྨུག་པོ་དེ་ཡིན་ཞེས་བཤད། དེ་ནས་ཀླུའི་རྒྱལ་པོས་བདག་ལ་དགོས་འདོད་ཀུན་འབྱུང་གི་ནོར་བུ་དེ་ཡོད་པ་ཁྱོད་མི་དགོས་ཀླུ་ཕལ་ཆེར་གྱིས་མི་ཤེས་མོད། འོན་ཀྱང་ཁྱོད་འདྲའི་དྲིན་ཆེ་བ་ཞིག་འཇིག་རྟེན་ན་མེད་པས་མ་སྦྱིན་ཐབས་མེད་ཟེར། དེ་ནས་སྐར་མ་ལྷ་མཐོང་དང་རྒྱལ་པོའི་བུ་མོ་གཉིས་མི་ཡུལ་དུ་ཕྱིར་འོང་བར་ཀླུའི་རྒྱལ་པོས་ཤེལ་གྱི་ཧོང་ལེན་སྨུག་པོ་ཟེར་བའི་དགོས་འདོད་ཀུན་འབྱུང་གི་ནོར་བུ་དེ་བྱིན་ནས་མཚོ་ཁ་བར་ཀླུ་རྣམས་ཀྱིས་རྟ་ཡིས་སྐྱེལ་མ་བྱས་ནས་ཕྱིར་ལོག །སྐར་མ་ལྷ་མཐོང་གིས་རྒྱལ་པོའི་བུ་མོ་ཁྲིད་ནས་ཕྱིར་འོང་བས་ལམ་དུ་མཛེས་པའི་སྤང་ཐང་ཆེན་པོ་ཞིག་འདུག་པ་ལ། རྒྱལ་པོའི་བུ་མོ་སེམས་ཤོར་ནས་ཐང་འདི་ལ་ཅི་བཏགས་དྲིས་པས། སྐར་མ་ལྷ་མཐོང་གིས་ཐང་འདི་ལ་བཀྲ་ཤིས་ལེབ་ཆེན་ཐང་ཞེས་བཏགས་ཟེར། དེ་ནས་འོང་བས་ལམ་དུ་བྱ་གོ་བོ་ཞིག་གི་མིད་པ་རུས་པས་བརྣངས་ནས་འདུག་པར། སྐར་མ་ལྷ་མཐོང་གིས་གོ་བོ་ལ་གཅིག་བརྒྱབ་པས་གོ་བོའི་མིད་པ་ནས་རུས་གོང་ཆེན་པོ་ཞིག་ཕྱིར་ལྷུང་སོང་། དེ་ནས་གོ་བོས་མིའི་སྐད་ཀྱིས་ཁྱོད་ཀྱིས་བདག་ལ་བརྡེག་པ་དེ་རང་དགར་བརྡེག་པ་ཡིན་ནམ། ཡང་ན་བདག་ལ་ཕན་ཞིག་འདོགས་བསམས་ནས་བརྡེག་པ་ཡིན་ཟེར་བར། སྐར་མ་ལྷ་མཐོང་གིས་ཁྱོད་རང་རུས་པས་བརྣངས་པ་ལ་ཕན་ཞིག་ཐོགས་ན་བསམ་ནས་བརྡེག་པ་ལས་རང་དགར་བརྡེག་པས་ཅི་བྱེད་སྨྲས་པས། གོ་བོས་དེ་ལྟར་ན་ཕན་བཏགས་ཁྱོད་གང་ན་འགྲོ་བ་ཡིན་དོན་ཅི་ཞིག་བསྒྲུབ་རྒྱུ་ཡོད་ཟེར། དེ་ནས་ཀརྨ་ལྷ་མཐོང་གིས་ཁོ་བོ་ཡབ་རྒྱལ་པོའི་བསྙུང་ཁམས་བསལ་ཕྱིར་གསེར་བྱ་མི་རྐུ་འཛུམ་རིས་དང་ཤེལ་གྱི་ཧོང་ལེན་སྨུག་པོ་གཉིས་འཚོལ་དུ་འོང་བར། འོག་མ་ཀླུ་ཡུལ་ནས་ཤེལ་གྱི་ཧོང་ལེན་སྨུག་པོ་རྙེད་དེ་འདིར་འོངས་པ་ཡིན། ད་མཐའ་ཡི་རྒྱ་མཚོ་ཆེན་པོའི་ཕ་རོལ་ནས་གསེར་བྱ་མི་རྐུ་འཛུམ་རིས་ཟེར་བ་ཞིག་ཡོད་པ་དེ་རྙེད་དགོས་ཞེས་བཤད་པས། གོ་བོས་མདང་ཞིག་བརྒྱབ་ནས་ཡར་འགྲོ་མར་འགྲོ་འགའ་བྱས་ཏེ་རྒྱལ་བུ་ཁྱོད་རང་རྒྱ་མཚོ་ཆེན་པོའི་ཕ་རོལ་ཏུ་ཁོ་བོས་བསྐྱལ་བས་ཆོག་ཟེར། དེ་ནས་སྐར་མ་ལྷ་མཐོང་གིས་ཁོ་བོ་ཁྱོད་ཀྱིས་རྒྱ་མཚོ་ཆེན་པོའི་ཕ་རོལ་ཏུ་བསྐྱལ་བས་ཆོག་ཀྱང་། དེ་ཚེ་རྒྱལ་པོའི་བུ་མོ་ཇི་ལྟར་བྱེད་དགོས་ཞེས་དྲིས་པར། གོ་བོས་ཡར་ཀ་བྲག་རི་མཐོན་པོ་གནམ་ལ་གཟེངས་པ་འདིའི་སྐེད་ན་བྲག་དཀར་ཕུག་ཟེར་བའི་བྲག་སྐྱིབས་དགྲ་རྐུན་ཇག་གསུམ་གྱི་མིང་ཡང་མེད་པ་ཞིག་ཡོད་ལ། དང་ཐོག་རྒྱལ་པོའི་བུ་མོ་དེར་བསྐྱལ་ཏེ་དེ་ནས་ཁྱོད་རང་རྒྱ་མཚོ་ཆེན་པོའི་ཕ་རོལ་ཏུ་བསྐྱལ་བས་ཆོག་ཅེས་ཟེར། དེ་ནས་སྐར་མ་ལྷ་མཐོང་དང་རྒྱལ་པོའི་བུ་མོ་གཉིས་ཀྱིས་དེ་བཞིན་བགྱིད་རྒྱུ་བྱས་པ་ན། གོ་བོས་རྒྱལ་པོའི་བུ་མོ་ལ། སྒྲོ་ཆེན་གསེབ་ཏུ་མ་འཛུལ། མགོ་ནག་མི་འདི་ཀླད་རྒྱ་ཆུང་ཆུང་རེད། ཀླད་རྒྱ་འཐོར་ན་ཤི་རྒྱུ་རེད། སྒྲོ་ཕྲན་གསེབ་ཏུ་འཛུལ་ཟེར་བ་ལ། བུ་མོས་ནོར་བུ་ཧོང་ལེན་སྨུག་པོ་ཁྱེར་ནས་གོ་བོའི་ཐུ་ལུའི་གསེབ་ཏུ་འཛུལ་བས་ཡར་ཀའི་བྲག་དཀར་ཕུག་ཟེར་བ་ན་བསྐྱལ་ནས་ཕྱིར་འཁོར་བྱུང་། དེ་ནས་གོ་བོས་སྒྲོ་ཕྲན་གྱི་གསེབ་ཏུ་སྐར་མ་ལྷ་མཐོང་ཁྱེར་ནས་འཕུར་བས་ཉིན་ཞག་མང་བ་ཞིག་གི་མཐར་རྒྱ་མཚོ་ཆེན་པོའི་ཕ་རོལ་ཏུ་སླེབས་ཤིང་། གོ་བོ་ལ་སྐད་ཆ་དྲིས་པས། བྱང་གི་བྱ་ཐན་གསེར་མགོ་སླེབས་བྱུང་ཟེར་ནས་བྱ་བཙན་བྱེད་ཡོང་བས་ཁོ་བོ་འདིར་གབ་ནས་འདུག །ཁྱོད་རང་འདི་ནས་སོང་དང་ལ་རྒྱབ་མཚེར་མལ་ཞིག་ན་མི་རྐུའི་ཁྱུ་ཚོགས་ཆེན་པོ་ཞིག་མཐོང་ཡོང་། དེ་དུས་གསེར་བྱ་མི་རྐུ་འཛུམ་རིས་ཟེར་ནས་བོས་དང་མི་རྐུ་ཐམས་ཅད་དྲུང་དུ་འོངས་ནས་ང་ཡིན་ང་ཡིན་ཟེར་ཡོང་བར་དེ་རྣམས་ལ་བདག་པོ་མ་རྒྱག །དེའི་ནང་ན་ལྟོས་དང་ང་མིན་ང་མིན་ཟེར་བའི་མི་རྐུ་སྒྲོ་གསེབ་ནས་གསེར་ཕྱེ་ཐུ་ལུ་ལུ་བྱེད་ཅིང་ཁ་ནས་བཛྲ་གུ་རུའི་ཛབ་དབྱངས་སྒྲོག་པ་ཞིག་ཡོད་པ་དེ་ཟུངས་ལ་ཁྱེར་ཤོག་ཟེར། དེ་ནས་སྐར་མ་ལྷ་མཐོང་གོ་བོས་བཤད་པ་ལྟར་བྱས་ནས་སོང་བས་ལ་རྒྱབ་མཚེར་མལ་ཞིག་ན་མི་རྐུའི་ཁྱུ་ཚོགས་ཆེན་པོ་ཞིག་སྔོ་ལྟེམ་མེར་ཡོད་པ་མཐོང་། གསེར་གྱི་མི་རྐུ་འཛུམ་རིས་ཟེར་ནས་སྐད་ཤུགས་ཆེན་པོས་བོས་པས་མི་རྐུའི་ཁྱུ་ཚོགས་དེར་འཕུར་ནས་ང་ཡིན་ང་ཡིན་ཟེར་ནས་འདུག །ཞིབ་པར་བལྟས་པས་མི་རྐུའི་ཁྱུ་ཚོགས་ཀྱི་ནང་ན་ང་མིན་ང་མིན་ཟེར་ནས་སྒྲོ་གསེབ་ནས་གསེར་ཕྱེ་ཐུ་ལུ་ལུ་བྱེད་ཅིང་། ཁ་ནས་བཛྲ་གུ་རུའི་ཛབ་དབྱངས་ལེན་པ་ཞིག་འདུག་པ་གསེར་བྱ་མི་རྐུ་འཛུམ་རིས་ཡིན་པར་ཤེས་ཏེ་དེ་ཉིད་ཁྱེར་ནས་འོང་བས་གོ་བོས་རེད་འདུག་ཟེར། དེ་ནས་གོ་བོས་ཁྱེར་ནས་སྐར་མ་ལྷ་མཐོང་རྒྱ་མཚོ་ཆེན་པོའི་ཕ་རོལ་ནས་ཕྱིར་འཁོར་ནས་ཡང་གོ་བོ་རྒྱལ་པོའི་བུ་མོ་ལེན་དུ་སོང་བས། རྒྱལ་པོའི་བུ་མོ་ནི་བྲག་སྐྱིབས་ན་ཀླུའི་ནོར་བུ་ལྡག་ནས་བསྡད་པས་བཀྲེས་སྐོམ་འཁྱག་གསུམ་གྱི་མིང་ཙམ་ཡང་མ་བྱུང་འདུག །དེ་ནས་སྐར་མ་ལྷ་མཐོང་གིས་བུ་མོ་ཁྲིད་དེ་རྒྱལ་པོ་ཚང་སར་ཕྱིར་འོང་བས་རྒྱལ་བློན་བཙུན་གསུམ་ཐམས་ཅད་ལ་ཤི་གསོན་ངོ་འཕྲད་པ་ལྟ་བུའི་དགའ་ཚོར་དཔག་ཏུ་མེད་པ་བྱུང་ཞིང་། རྒྱལ་པོའི་བུ་མོས་སྔར་གྱི་ལོ་རྒྱུས་བཤད་པས་རྒྱལ་བློན་འཁོར་བཅས་ཀྱིས་སྐར་མ་ལྷ་མཐོང་ལ་མངོན་པར་བསྟོད་དེ། རྒྱལ་པོས་མི་ངོ་ལ་ལྷ་ངོ་མཐོ། ལྷ་ངོ་ལ་ཉི་མ་ཤར་ཟེར་ནས་ཉིན་ཞག་དུ་མའི་བར་དུ་དགའ་སྟོན་རྟེན་འབྲེལ་ཆེན་པོ་རྒྱུན་མ་ཆད་པར་བྱས། དེ་ནས་རྒྱལ་པོས་བུ་མོ་སྐར་མ་ལྷ་མཐོང་ལ་བྱིན་ནས་རྒྱལ་སྲིད་ལ་དབང་བསྐུར་བ་ལ། སྐར་མ་ལྷ་མཐོང་གིས་རྒྱལ་པོའི་བུ་མོ་ཁྲ་ཐུར་ཞི་ལུ་ལ་བྱིན་པས་དེ་ནས་ཁྲ་ཐུར་ཞི་ལུ་མ་བུ་གཉིས་པོ་ཤིན་ཏུ་བདེ་སྐྱིད་དང་ལྡན་པར་གྱུར། དེ་ནས་སྔར་ནས་ཁ་ཆད་བྱས་པ་ལྟར་སྐར་མ་ལྷ་མཐོང་གཡུ་སྒྲ་ལུང་གསུམ་མདོར་ཕྱིར་འོང་བས་སྔར་རང་གིས་རྟེན་འབྲེལ་བརྟག་ཕྱིར་བརྩིགས་པའི་གསར་མཁར་དེ་ཡང་བརྩིགས་མ་ཐག་པ་ལྟར་ལས་རྡོ་གཅིག་ཀྱང་ས་ལ་ལྷུང་མི་འདུག་ཅིང་། སྔར་ཁོ་རང་གིས་བཙུགས་པའི་ཤིང་དེ་ཡང་སྡོང་པོ་ཆེན་པོར་གྱུར་ནས་མེ་ཏོག་སྣ་ཚོགས་བཀྲ་བ་ལ་བྱ་བྱེའུ་མང་པོས་མགྲིན་པའི་གླུ་དབྱངས་ལེན་བཞིན་འདུག །ཉི་མ་ལྷ་མཐོང་དང་ཟླ་བ་ལྷ་མཐོང་གཉིས་ཀྱིས་བརྩིགས་པའི་གསར་མཁར་ལ་བལྟས་པས་ཞིག་ནས་འདུག་ཅིང་། ཁོང་གཉིས་ཀྱིས་བཙུགས་པའི་ཤིང་ཕུང་ལ་བལྟས་པས་སྐམ་ནས་ཁྲ་མར་གྱུར་འདུག་པས་སྐྱོ་བ་ཆེན་པོ་སྐྱེས། དེ་ནས་སྐར་མ་ལྷ་མཐོང་གིས་ཉི་མ་ལྷ་མཐོང་དང་ཟླ་བ་ལྷ་མཐོང་གཉིས་པོ་སྒུག་ནས་བསྡད་པས་དུས་ཤིག་ན་ཁོང་གཉིས་ཀྱང་གཡུ་སྒྲ་ལུང་གསུམ་མདོ་དེར་སླེབས་བྱུང་ཞིང་། སྐད་ཆ་དྲིས་པས་བ་བོར་རབ་མུན་རུབ་རབ་དག་བཤད་པ་ལས་ཕོ་བྱས་ཚུལ་གྱི་སྐད་ཆ་ཚིག་གཅིག་ཀྱང་བཤད་རྒྱུ་མ་བྱུང་། དེ་ནས་བུ་སྤུན་གསུམ་པོ་རང་ཡུལ་དུ་ཕྱིར་འོང་བས་ནུབ་ཅིག་ཆུ་བོ་ཆེན་པོ་ཞིག་གི་འགྲམ་ཟམ་ཁ་ཞིག་ལ་ཞག་ས་བྱས་པ་ན། ཉི་མ་ལྷ་མཐོང་དང་ཟླ་བ་ལྷ་མཐོང་གཉིས་ཀྱིས་ལྐོག་ཏུ་གྲོས་བྱས་ནས་ནངས་སྔར་ཟམ་པའི་སྟེང་ནས་འགྲོ་དུས་སྐར་མ་ལྷ་མཐོང་ཆུ་ནང་དུ་འཕངས་ནས་གསེར་གྱི་མི་རྐུ་འཛུམ་རིས་དང་ཤེལ་གྱི་ཧོང་ལེན་སྨུག་པོ་གཉིས་ཁུར་ནས་ཡབ་རྒྱལ་པོའི་མདུན་དུ་འགྲོ་རྒྱུའི་ཐག་བཅད། ཕྱིར་ནངས་ཟམ་པའི་ཐོག་ནས་འགྲོ་རན་དུས་བུ་གཞན་གཉིས་ཀྱིས་ད་ལན་མི་རྐུ་འཛུམ་རིས་དང་ཧོང་ལེན་སྨུག་པོ་དེ་གཉིས་ངེད་གཉིས་ལ་བསྐུར་ཞེས་བཟླས་པ་ལྟར་སྐར་མ་ལྷ་མཐོང་གིས་བསྐུར། དེ་ནས་ཉི་མ་ལྷ་མཐོང་གིས་མི་རྐུ་འཛུམ་རིས་དང་ཟླ་བ་ལྷ་མཐོང་གིས་ཧོང་ལེན་སྨུག་པོ་ཁུར། ཁོང་གཉིས་ཀྱི་བར་དུ་སྐར་མ་ལྷ་མཐོང་བྱས་ཏེ་ཟམ་པའི་སྟེང་ནས་ཡོང་བས་ཟམ་དཀྱིལ་ཙམ་ལ་སླེབས་པ་ན། ཟླ་བ་ལྷ་མཐོང་གིས་ཕྱི་ནས་ཕུད་རྒྱག་བྱས་པས་སྐར་མ་ལྷ་མཐོང་ཆུ་ནང་དུ་འཕངས། ཁོང་གཉིས་མགྱོགས་པར་ཁྱིམ་དུ་ལོག་ནས་ཡབ་རྒྱལ་པོ་ལ་གསེར་བྱ་མི་རྐུ་འཛུམ་རིས་དང་། ཤེལ་གྱི་ཧོང་ལེན་སྨུག་པོ་ལོན་ཚུལ་བཤད་ནས་རྫུན་གྱིས་མགོ་གཡོགས་ཤིང་། རྒྱལ་པོས་སྐར་མ་ལྷ་མཐོང་གང་དུ་སོང་ཟེར་བར་ཁོང་གཉིས་ཀྱིས་གཡུ་སྒྲ་ལུང་གསུམ་མདོ་ནས་སོ་སོར་བྱས་ནས་སོང་བས་ཕྱིར་འོང་རྒྱུ་མི་འདུག་ཅེས་བཤད། སྐར་མ་ལྷ་མཐོང་ཆུས་མར་ཟད་ཅིག་ན་ཁྱེར་ཏེ་མཐར་ཕ་བོང་གཡག་རོ་ཟེར་བ་ཞིག་ཡོད་པ་ལ་འཐོག་པ་ཡུལ་མཎྜལ་སྒང་གི་མི་ཞིག་ཆུ་ལེན་དུ་འོང་བས་མཐོང་བས། དེ་འཕྲལ་ཡུལ་མཎྜལ་སྡེ་པའི་མི་རྣམས་བོས་ཏེ་གཟིངས་ཐོག་ནས་ཕྱིར་བཏོན་པར་བྱས། དེ་ནས་སྐར་མ་ལྷ་མཐོང་གིས་ཡུལ་མཎྜལ་སྡེ་པའི་པགས་པ་རྣམས་མཉེད་ནས་ཟླ་བ་འགའ་ལ་བསྡད་ཅིང་། དུས་ཤིག་ལ་ཡུལ་མཎྜལ་དགོན་ན་དུས་སྟོན་ཆེན་པོ་ཞིག་བྱུང་བ་ལ་སེམས་ཅན་སྟོང་ཕྲག་དུ་མ་འདུས་ནས་གླང་ཆེན་ལ་རིན་ཆེན་རྒྱན་ཆ་གསོལ། སྣ་ཞགས་ལ་འཆི་མེད་ཚེ་ཡི་བུམ་པ་བཏགས་ནས་ཁྲོམ་མང་ནང་མངགས་པས་སུའི་མགོ་ལ་བུམ་པ་བཞག་ན་དེ་ཉིད་ཡུལ་མཎྜལ་སྒང་གི་རྒྱལ་པོ་ལ་མངའ་གསོལ་རྒྱུ་བྱས་པ་ན། གླང་ཆེན་རྒྱུག་ཐེངས་གཅིག་གིས་སྐར་མ་ལྷ་མཐོང་གི་མགོ་ལ་བུམ་པ་བཞག་ནས་སོང་བ་ན། ཁོ་རང་གསེར་ཁྲི་བང་རིམ་དགུ་པ་ཞིག་གི་ཐོག་ཏུ་བཞག་ནས་ཡུལ་མཎྜལ་སྒང་གི་རྒྱལ་པོར་གྱུར། དེ་ནས་སྐར་མ་ལྷ་མཐོང་ཁྱིམ་དུ་འགྲོ་གྲབས་བྱས་པ་ན་ཡུལ་མཎྜལ་སྒང་གི་མི་རྣམས་ཀྱིས་སྐྱེལ་མ་རྒྱ་ཆེར་བྱས་ནས་འགྲོ་དགོས་ཟེར་ཡང་། སྐར་མ་ལྷ་མཐོང་གིས་ད་ལན་ང་རང་གཅིག་པུར་འགྲོ་བས་ཆོག་ཟེར་ནས་ཁོང་རང་གཅིག་པུར་འོངས་ཤིང་། ཁྱིམ་དུ་སླེབས་ལ་ཉེ་བ་ན་གསེར་བྱ་མི་རྐུ་འཛུམ་རིས་འཕུར་རྒྱུ་ཡོད་པ་དང་། ཤེལ་གྱི་ཧོང་ལེན་སྨུག་པོ་ལས་དགོས་འདོད་ཀྱི་ཆར་བབས་པ་དང་། ཡབ་རྒྱལ་པོ་ལ་ཡང་རྨིས་ལྟས་བཟང་པོ་དུ་མ་བྱུང་བས་རྒྱལ་པོས་སྐར་མ་ལྷ་མཐོང་སླེབས་པའི་ལྟས་འདྲ་ཡིན་ནམ་བསམས། དེ་ནས་སྐར་མ་ལྷ་མཐོང་ཁྱིམ་དུ་འབྱོར་པ་ན་ཁྱི་རྣམས་ཀྱིས་ཀྱང་ཤིན་ཏུ་དགའ་དགའ་ཆེན་པོ་བྱས་ནས་བསུས་ཤིང་། སྐར་མ་ལྷ་མཐོང་གིས་ཕ་བུའི་བར་ལ་འགལ་བ་ཡོང་དོགས་ཀྱིས་སྔར་བུ་སྤུན་ཆེ་བ་གཉིས་ཀྱིས་བཤད་པའི་རྫུན་རྐུབ་ཀྱང་མ་བརྟོལ་བར་བཞག །དེ་ནས་རྒྱལ་པོས་བརྟག་པར་བྱས་དུས་གསེར་བྱ་མི་རྐུ་འཛུམ་རིས་དང་། ཤེལ་གྱི་ཧོང་ལེན་སྨུག་པོ་གཉིས་སྐར་མ་ལྷ་མཐོང་གིས་རྙེད་དམ་སྙམ་པའི་དོགས་པ་ཞིག་བྱུང་བས། ཉིན་ཞིག་ཉི་མ་ལྷ་མཐོང་དང་ཟླ་བ་ལྷ་མཐོང་གཉིས་རྫི་བོར་མངགས་ནས་སྐར་མ་ལྷ་མཐོང་ལ་དེའི་ཚུལ་དྲིས་པར། སྐར་མ་ལྷ་མཐོང་གིས་གཏམ་ཕ་ལ་གསང་ན་སུ་ལ་བཤད། ཟས་མ་ལ་བསྐུང་ན་སུ་ལ་སྦྱིན་ཟེར་བ་ལྟར་ལགས་པས་བཤད་ཆོག་མོད། འོན་ཀྱང་ཡབ་རྒྱལ་པོ་ཁྱོད་ཀྱིས་ཁོང་བུ་སྤུན་གཉིས་ལ་སྡུག་པོ་མི་བྱེད་པར་ཁས་ལེན་དགོས་ཟེར་ནས་སྔར་གྱི་ལོ་རྒྱུས་མཐའ་དག་ཞིབ་པར་བཤད་པས། ཡབ་རྒྱལ་པོས་ཁོང་བུ་སྤུན་གཉིས་ཀྱི་བྱེད་ལུགས་ལ་བལྟས་ན་གསོན་ན་ཁ་མི་གྲགས་པ་དང་ཤི་ན་ངོ་མི་མཐོང་བ་ཞིག་བྱེད་དགོས་ཀྱང་བུ་ཁྱོད་ཀྱི་ཚིག་བཅག་པར་འགྱུར་བས་སྐྱུར་བཞག་ཟེར། དེ་ནས་རྒྱལ་པོ་ཚང་གི་མངའ་ཐང་ཤིན་ཏུ་དར་ཞིང་རྒྱས་པར་གྱུར་ཏེ། སྐྱིད་ཀྱི་རྟ་ཕོ་དགུང་དང་མཉམ། སྡུག་གི་ལོ་མ་ཆུ་ལ་སྐྱུར་ནས་གནས་པར་གྲགས་སོ། །

བཤད་མཁན། ཐོས་མཆོག  རྫ་པད་སྙིང་དགོན་གྱི་གྲྭ་རྒན།


  • ལེ་ཚན་སྔོན་མ།:རྒྱལ་བུ་སྐར་མ་ལྷ་མཐོང་།(༡)
  • ལེ་ཚན་རྗེས་མ།:མེས་པོའི་གྱང་གླུ་ཁུ་བྱུག་མགྲིན་སྒྲ།