རྒྱལ་བུ་སྐར་མ་ལྷ་མཐོང་།(༡)

རབ་བརྟན་དགེ་ལེགས་ཕུན་ཚོགས།        2018-01-08

 རྒྱལ་བུ་སྐར་མ་ལྷ་མཐོང་།(༡)

  སྔོན་ཡུལ་གསེར་གླིང་ཞེས་བྱ་བ་ན་རྒྱལ་པོ་ཆེན་པོ་ཞིག་ལ་བུ་གསུམ་ཡོད་པའི་ཆེ་བ་ལ་ཉི་མ་ལྷ་མཐོང་དང་། འབྲིང་བ་ལ་ཟླ་བ་ལྷ་མཐོང་།ཆུང་བ་ལ་སྐར་མ་ལྷ་མཐོང་ཟེར་བར་གདའ། དུས་ཤིག་ན་ཡབ་རྒྱལ་པོ་ལ་སྙུན་གཞི་ཐུ་མོ་ཞིག་བྱུང་བའི་ཚེ་བུ་གསུམ་ལ་སྡུག་བསྔལ་ཆེན་པོ་བྱུང་ནས། ཨ་ཕ་ཕ་ལོ་ཕ་གཅེས། ཕ་སྡུག་ཉི་མ་རང་ཤར་ཁྱོད་ཀྱི་ནད་ལ་ཕན་པའི་སྨན་ཞིག་ཡོད་ན་གསུངས་དང་། ལུས་རྟེན་གཅིག་ལ་ཡབ་རྒྱལ་པོ་ཁྱོད་ལས་དྲིན་ཆེ་བ་ཞིག་མེད་པས་ལོན་ཐབས་བྱེད་ཅེས་ཞུས་པར། ཡབ་རྒྱལ་པོས་ཁོ་བོའི་ནད་ལ་ཕན་པའི་སྨན་ཞིག་འཇིག་རྟེན་ན་ཡོད་དཀའ་ལ། ཡོད་ཀྱང་ལོན་པའི་དུས་ཤིག་མི་འོང་བས་བཤད་པ་དོན་མེད་གསུངས། བུ་གསུམ་གྱིས་ཡབ་རྒྱལ་པོ་ལ། ཕ་ལོ་ཁྱེད་ཀྱི་ནད་ལ་ཕན་པའི་སྨན་ཞིག་ཡོད་ན་གསུང་རོགས་གནོངས་དང་། ཁོ་བོ་བུ་སྤུན་གསུམ་གྱིས་དཀའ་བ་ཁྱད་དུ་བསད། ངལ་བ་དང་དུ་ལེན། ལུས་སྲོག་འབེན་དུ་བཙུགས་ནས་ལོན་ཐབས་བྱེད་རྒྱུ་ཡིན་ཞེས་ཞུས། ཡབ་རྒྱལ་པོས་དེ་ལྟར་ན་མཐའ་ཡི་རྒྱ་མཚོ་ཆེན་པོའི་ཕ་རོལ་ན་གསེར་བྱ་མི་རྐུ་འཛུམ་རིས་ཟེར་བ་ཁ་ནས་བཛྲ་གུ་རུའི་ཛབ་དབྱངས་ལེན་ཅིང་། འཕུར་འགྲོ་དུས་གསེར་ཕྱེ་ཐུ་ལུ་ལུ་བྱེད་འདུག་པ་ཞིག་ཡོད་པ་དང་། འོག་མ་ཀླུ་ཡུལ་ན་ཤེལ་གྱི་ཧོང་ལེན་སྨུག་པོ་ཟེར་བའི་དགོས་འདོད་ཀུན་འབྱུང་གི་ནོར་བུ་ཞིག་ཡོད་པ་དེ་གཉིས་ལོན་ཡོང་ན་ཁོ་བོའི་ནད་ལ་ཕན་པར་མ་ཟད། ཡུལ་ཁམས་སྤྱི་ལ་ཕན་ཆེན་པོ་ཐོགས་པ་ཞིག་འོང་གསུངས། དེ་ནས་བུ་གསུམ་གྱིས་གསེར་བྱ་མི་རྐུ་འཛུམ་རིས་དང་ཤེལ་གྱི་ཧོང་ལེན་སྨུག་པོ་འཚོལ་དུ་སོང་ན་དེ་ཚེ་ཡབ་རྒྱལ་པོའི་སྐུ་ཕྱྭ་ལ་སྐྱོན་ཡོད་མེད་ཞུས་པར། རྒྱལ་པོས་ཁྱོད་ཅག་སྨན་གྱི་ཕྱིར་སོང་ནས་ལོ་དུ་ཙམ་འགོར་ཡང་དེ་ཚེ་བར་ཆད་ཀྱི་དབང་དུ་མི་འགྲོ་བ་ཁོ་བོས་ཁས་ལེན་གསུངས། དེ་ནས་བུ་སྤུན་གསུམ་པོ་གསེར་བྱ་མི་རྐུ་འཛུམ་རིས་དང་ཤེལ་གྱི་ཧོང་ལེན་སྨུག་པོ་བཙལ་དུ་སོང་བས་གཡུ་སྒྲ་ལུང་གསུམ་མདོ་ཟེར་བའི་ལུང་པ་འདུས་མདོ་ཞིག་ལ་སླེབས་ནས། བུ་ཆུང་བ་སྐར་མ་ལྷ་མཐོང་གིས་དོ་ནུབ་འདིར་ཞག་ས་བྱེད་དགོས་ཟེར་ནས་བསྡད། དེ་ནས་ཕ་མའི་བུ་རྒྱུད་གཅིག་ཀྱང་། ཚེ་དང་བསོད་ནམས་མི་གཅིག་ཟེར་བའི་དཔེ་ལྟར། བུ་ཆུང་བ་དེ་ཉིད་སྐྱེ་གཟུགས་དང་། ལམ་འགྲོ། ཐབས་ཤེས་སོགས་གཞན་དང་མི་འདྲ་བ་ཞིག་ཡོད་སྟབས་སྐར་མ་ལྷ་མཐོང་གིས་བཤད་པར། འུ་ཅག་བུ་སྤུན་གསུམ་པོ་ལུང་པ་གཅིག་ནས་ལྷན་ཅིག་ཏུ་སོང་ན་མི་གཅིག་གི་གོ་ལས་མི་ཆོད་པས་སོ་སོར་བྱས་ནས་འགྲོ་རྒྱུ་བྱེད། དེ་ཡང་ཟླ་བ་ལྷ་མཐོང་ལུང་པ་གོང་མ་དང་། ཉི་མ་ལྷ་མཐོང་ལུང ་པ་བར་མ་ནས་སོང་ལ་འཇིག་རྟེན་གྱི་ནོར་བུ་དེ་གཉིས་ཚོལ། ཁོ་བོ་ལུང་པ་འགབ་མ་ནས་འགྲོ་སྟེ་དེ་གཉིས་ཨེ་ལོན་བལྟ། འགྲོ་ཁར་སོ་སོས་རྟེན་འབྲེལ་བརྟག་ཕྱིར་ལུང་པའི་མདའ་ལ་རྡོ་ཡི་གསས་མཁར་རེ་བརྩིག་རྒྱུ་དང་། ཤིང་སྡོང་རེ་ཡང་འཛུག་རྒྱུ་བྱེད་དགོས། ཕྱིར་འཁོར་དུས་སྤུན་གསུམ་པོ་སྔ་ཕྱིར་བྱས་ནས་སོང་ན་ཡབ་ཀྱིས་བུ་ཤི་བར་དོགས་ནས་མྱ་ངན་ཆེན་པོ་བྱེད་ངེས་པས། ཕྱིར་ལོག་དུས་སུ་སྔོན་མར་སླེབས་པ་དེས་གཡུ་སྒྲ་ལུང་གསུམ་མདོ་འདིར་སྒུག་ནས་འདུག་དགོས་ཞེས་བཤད། དེ་ནས་དེ་བཞིན་དུ་བྱས་ཏེ་སྐར་མ་ལྷ་མཐོང་ལུང་པ་འགབ་མའི་ནང་དུ་སོང་བས་ལ་ཁ་ཞིག་ལ་སླེབས་པ་ན། ཨ་ཕྱི་ཞིག་དང་འཕྲད་དེ་སྐད་ཆ་དྲིས་པས། འདི་ནས་ཕར་སོང་ན་ནགས་ཚལ་འཐུག་པོ་ཞིག་ཡོད་ལ། ནགས་ཚལ་གྱི་རྩ་ན་བྲག་རི་མཐོན་པོ་ཞིག་ཡོད། བྲག་རིའི་རྩ་ནས་ཕར་བལྟས་ཚེ་ཐང་ཆེན་པོ་ཞིག་ན་རྒྱལ་པོ་ཆེན་པོ་ཞིག་ཡོད་པ་མཐོང་། རྒྱལ་པོའི་ཕོ་བྲང་གི་ཉེ་འདབས་ན་མ་རྒན་མ་བུ་གཉིས་ཡོད་པའི་བུ་ཡི་མིང་ལ་ཁྲ་ཐུར་ཞི་ལུ་ཟེར། དེར་མ་བུ་གཉིས་ལ་གནས་ཚང་གཡར་རོགས་བཟླས་ན་གནས་གཡར་བྱེད་འོང་ཞེས་བཤད། དེ་ནས་སྐར་མ་ལྷ་མཐོང་སོང་བས་ཤིང་ནགས་འཐུག་པོ་ཡོད་པའི་ས་ཞིག་ལ་སླེབས་པ་ན། ཤིང་ནགས་ཀྱི་གསེབ་ནས་ཤིང་གཅོད་པའི་སྒྲ་འདྲ་ཞིག་ཐོས་པས་ཨ་ཡེ་ཟེར་ནས་བོས་པས་བུ་ཆུང་ཞིག་གིས་ཤིང་ཁུར་ཞིག་ཁུར་ནས་བྱུང་། དེ་ལ་ལོ་རྒྱུས་དྲིས་པས་ཁྲ་ཐུར་ཞི་ལུ་ཟེར་བ་ཁོ་ཡིན་ཞིང་། ཁོ་རང་གིས་ཉིན་བཞིན་ནགས་གསེབ་ནས་ཤིང་ཁྲ་མ་ཁུར་པོ་རེ་བཏུས་ནས་དེ་རྒྱལ་པོ་ཚང་ལ་འབུད་རྒྱུར་བཙོང་བས། རྒྱལ་པོ་ཚང་གིས་ཁོང་མ་བུ་གཉིས་ལ་ཟས་གོས་ཆད་མེད་དུ་སྦྱིན་པ་ཡིན་ཞེས་བཤད། དེ་ནས་སྐར་མ་ལྷ་མཐོང་ཁྲ་ཐུར་ཞི་ལུ་དང་འགྲོགས་ཏེ་ཁྲ་ཐུར་ཞི་ལུ་མ་བུ་གཉིས་སར་ཞག་འགའ་ལ་བསྡད། ནངས་ཤིག་ཁ་བ་ཅུང་ཟད་བབས་འདུག་པར་ཁྲ་ཐུར་ཞི་ལུ་ཤིང་འཐུ་འགྲོ་བར་བརྩམས་ཚེ་ལྷམ་མཐིལ་བུག་ནས་འགྲོ་རྒྱུ་མ་བྱུང་ཚེ། སྐར་མ་ལྷ་མཐོང་གིས་དེ་རིང་ཤིང་འཐུ་ལ་ཁོ་རང་འགྲོ་ཟེར་ནས་ཁྲ་ཐུར་ཞི་ལུའི་སྟ་རེ་དང་ཐག་པ་གཉིས་ཁྱེར་ནས་སོང་། ཁོ་རང་གིས་ནགས་གསེབ་ནས་ཤིང་བཏུས་ནས་ཡོད་ཚེ་འུར་སྒྲ་ཆེན་པོ་ཞིག་གྲགས་བྱུང་ཞིང་། དེ་དང་མཉམ་དུ་གཟུགས་མི་སྣང་བའི་བུ་མོ་སྐད་ཕྲ་བ་ཞིག་གིས་ཁྲ་ཐུར་ཞི་ལུ་ཟེར་ནས་བོས་བྱུང་བར། སྐར་མ་ལྷ་མཐོང་གིས་ཨ་བཟླས་ནས་སྟ་རེ་དེ་ནམ་མཁའ་ལ་གཅིག་གཡུགས་པས་ལྷམ་ལེགས་པ་ཞིག་མདུན་དེར་ལྷུང་། དེ་ནས་ཁོ་རང་གིས་ལྷམ་དང་ཤིང་བཅས་ཁུར་ནས་ཡོང་སྟེ་ལྷམ་འདི་ཁྲ་ཐུར་ཞི་ལུའི་མ་ལ་སྦྱིན་དགོས་བསམས། དེའི་ནུབ་མོར་སྐར་མ་ལྷ་མཐོང་གིས་ཁྲ་ཐུར་ཞི་ལུ་མ་བུ་གཉིས་ལ་ལྷམ་རྙེད་རབས་བཤད་དེ། ཕན་པ་མེད་ཀྱང་བསམ་པ་རེད། བསམ་པའི་ཟས་ལ་ཆེ་ཆུང་མེད་བཟླས་ནས་ལྷམ་དེ་མ་རྒན་ལ་བྱིན་པས། མ་རྒན་གྱིས་ང་རང་སྤྲང་པོ་ཞིག་གིས་འདི་འདྲའི་ལྷམ་ཡ་ཞིག་གིས་ཅི་བྱེད། ཁྱོད་ཀྱིས་ནངས་པར་རྒྱལ་པོ་ཚང་སར་ཤིང་དང་མཉམ་དུ་འཚོང་སར་ཁྱེར་སོང་དང་། རྒྱལ་པོ་ཚང་གིས་འདི་འདྲའི་ལྷམ་ཡ་ཞིག་དྲུབ་རྒྱུ་བྱས་ནས་ཉོ་ཤས་ཆེ་ཞེས་ཟེར། དེ་ནས་ཕྱི་ནངས་སྐར་མ་ལྷ་མཐོང་གིས་རྒྱལ་པོ་ཚང་སར་ཤིང་དང་མཉམ་དུ་ལྷམ་འཚོང་རྒྱུ་ཁྱེར་སོང་བས། རྒྱལ་པོ་ཚང་གི་མི་རྣམས་ཀྱིས་ལྷམ་ལ་བལྟ་ཡག་ཅིག་བྱས་ནས་ཁྱོད་ཀྱིས་ལྷམ་འདི་གང་ནས་རྙེད་པ་ཡིན་ཞེས་ཟེར། སྐར་མ་ལྷ་མཐོང་གིས་ལྷམ་རྙེད་ཚུལ་དག་བདེན་པར་བཤད་ཀྱང་། རྒྱལ་པོ་ཚང་གིས་ལྷམ་འདི་རྒྱལ་པོ་ཚང་གི་བུ་མོའི་ལྷམ་ཡ་རེད། ཁ་སང་རྒྱལ་པོ་ཚང་གི་བུ་མོ་ལ་ཁར་རྫི་བོར་སོང་ནས་ཕྱིར་འོང་རྒྱུ་མི་འདུག་པས་ཅི་ཡིན་བསམས་ཀྱང་། བུ་མོ་ཁྱོད་ཀྱིས་ཁྲིད་སོང་འདུག་པས་མགྱོགས་པར་འཁྲིད་ཤོག་ཟེར། སྐར་མ་ལྷ་མཐོང་གིས་རྒྱལ་པོའི་བུ་མོ་མ་མཐོང་ཚུལ་ནན་གྱིས་བཤད་ཀྱང་རྒྱལ་པོ་ཚང་གིས་ཁས་མ་བླངས་ནས་བུ་མོ་འཁྲིད་རྒྱུ་མ་རྙེད་ན་བུ་མོའི་མི་སྟོང་འཇལ་དགོས་ཟེར། 

  • ལེ་ཚན་སྔོན་མ།:བག་བཤད་བསྡུས་པ་དགེ་ལེགས་ཀུན་འབྱུང་བཞུགས།
  • ལེ་ཚན་རྗེས་མ།:རྒྱལ་བུ་སྐར་མ་ལྷ་མཐོང་།(༢)