རྗེ་ཙོང་ཁ་པ་ཆེན་པོ་ཟངས་རི་ཆོས་ལུང་དུ་ཕེབས་པའི་བཤད་སྲོལ།(2)

(བདེ་ཆེན་དབང་མོས་བསྡུས།)        2010-12-01

དུ་ཕེབས་ཤིང་།དེར་ཞག་གཅིག་བཞུགས་པ་དང་གསང་སྔགས་ཀྱི་བཀའ་ཆོས་ཀྱང་གནང་།ཕྱི་ཉིན་ཞོགས་པ་དེ་ནས་ཕེབས་པའི་ལམ་བར་དུ་བྲག་རྡོ་གཅིག་དང་ཕྲད་ནས་བྲག་རྡོ་དེའི་ཐོག་ཏུ་སྐུ་ངལ་གསོས་ཤིང་བཞུགས་པས་བྲག་རྡོ་དེའི་སྒང་ལ་སྐུ་རྗེས་དང་ཞབས་རྗེས་ཀྱང་བཞགདེ་ནས་ཕེབས་སྐབས་རྫི་བོ་ཕྲུ་གུ་མང་པོ་ཞིག་དང་ཕྲད་པས་ཕྲུ་གུ་དེ་རྣམས་ཀྱིས་ཁོང་མཇལ་མ་ཐག་དགའ་སྤྲོ་འཕེལ་ནས་མདུན་དུ་རྡོ་རྩིག་ཅིག་བརྒྱབ་ནས་ཁྱེད་རང་དེའི་སྟེང་དུ་བཞུགས་ཞེས་བརྗོད་བཞིན་ཕྲུ་གུ་སོ་སོའི་ཇ་དང་སྤགས་ཐང་རྣམས་མདུན་དུ་བཤམས་ནས་ཁྱེད་རང་སྐུ་ལས་ཁག་ཡོད་འགྲོ།གསོལ་གྲོད་འཇོམས་ཡོད་འགྲོ་ཞེས་བཤད་ནས་ཁོང་ལ་ཞལ་ཟས་ཕུལ།རྗེ་བློ་བཟང་གྲགས་པས་ཕྲུ་གུ་ཚང་མའི་སྤགས་ཐང་ནས་སྤགས་ངོམས་པར་མཆོད་རྗེས་ཕྲུ་གུ་ཚོར་གྲོད་ཁོག་འགྲངས་པ་དེ་རིང་བྱུང་ཞེས་གསུངས་ནས་ས་ཆ་དེར་ཡང་འགྲངས་ཞེས་བརྗོད་ཨང་གསུངས།ཡང་ཁོང་གིས་རི་ཡ་གིའི་མིང་ལ་ཅི་ཟེརགསུངས་པས་རྫི་བོ་ཚོས་རི་ཡ་གིའི་མིང་ལ་དུང་འདྲ་ཟེར་བ་རེད་ཅེས་ཞུས།ཡང་གནས་ཡ་གིའི་མིང་ལ་ཅི་ཟེར་གསུངས་པས་རྫི་བོ་ཚོས་གནས་ཡ་གིའི་མིང་ལ་ཆོས་ལུང་ཟེར་བ་རེད་ཅེས་ཞུས་པས་རྗེ་བློ་བཟང་གྲགས་པས་དགྱེས་ཚོར་ཆེན་པོས་ད་བྱས་ན་འགྲིག་སོང་།རྟེན་འབྲེལ་ལེགས་པོ་འགྲིག་སོང་།ཆོས་ཀྱི་ལུང་དེར་དུང་གི་སྒྲ་ཐོས།རྟེན་འབྲེལ་ལེགས་པོ་འགྲིག་སོང་ཞེས་གསུངས་ནས་བྲག་ཅིག་གི་སྟེང་དུ་རྒྱུག་ཁུག་བསྣམས་ནས་བཞུགས་པས་རྒྱུག་ཁུག་བཞག་རྗེས་གསལ་པོར་ཐོན།དེ་ནས་ཕེབས་པའི་ལམ་དུ་བྲག་རྡོ་ཆེན་པོ་ཞིག་གི་སྟེང་དུ་མཁའ་འགྲོ་མ་བྱིས་པ་ལོ་བརྒྱད་ཙམ་བཅུ་དྲུག་གིས་བསུ་བ་ཞུས་ནས་གར་འཁྲབ་པས་མཁའ་འགྲོ་མའི་གར་འཁྲབ་རྗེས་ཀྱང་གསལ་པོ་མཐོང་རྒྱུ་ཡོད།  དེ་ནས་གཞི་བདག་འོ་དེ་གུང་རྒྱལ་དང་།གནས་བདག་རྡོ་རྗེ་སྒྲ་རྒྱལ་མ།ཀླུ་ཆེན་བརྒྱད་བཅས་ཀྱིས་བསུ་བར་ཕེབས་པ་དང་མཇལ་དར་ཀྱང་སྒྲོན་པ་རེད།དེ་རྗེས་བློ་བཟང་གྲགས་པ་ཆོས་ལུང་དུ་ཕེབས་ནས་འཁོར་དག་པ་རྣམ་བརྒྱད་དང་བཅས་བྲག་ཕུག་རེ་རེ་བཞིན་བསྔོགས་ཏེ་བྲག་ཕུག་ནང་ཆོས་གནང་ནས་བཞུགས་སྐབས་འོལ་ཁ་རྫོང་གི་རྫོང་དཔོན་གྱིས་ཐོག་ཁ་ནས་བལྟ་གཡེངས་བྱས་པས་བྲག་ཕུག་ལ་འཇའ་ཟུགས་ཤིང་ཉིན་མཚན་ཀུན་དུ་བྲག་ཕུག་ནས་འོད་ཟེར་ཆེམ་ཆེམ་དུ་བྱུང་བ་མཐོང་སྐབས་རྫོང་དཔོན་གྱིས་གཡོག་པོ་བོས་ནས་ལུང་པ་ཡ་གིའི་ནང་དུ་ཡ་མཚན་ཅན་ཞིག་འདུག་པས་ཁྱོད་ཀྱིས་དེ་གར་བལྟ་བར་རྒྱུགས་དང་ཞེས་སྨྲས།གཡོག་པོ་དེས་འོད་ཆེམ་ཆེམ་བྱུང་བའི་ཁུལ་དུ་བལྟ་བར་འགྲོ་སྐབས་དེར་བློ་བཟང་གྲགས་པ་དང་འཁོར་དག་པ་རྣམ་བརྒྱད་བྲག་ཕུག་རེ་རེའི་ནང་དུ་བཞུགས་ཡོད་པ་མཇལ་བ་ལས་གཞན་གང་ཡང་མེད་པས་གཡོག་པོ་དེས་ལམ་སང་ཕྱིར་ལོག་ནས་རྫོང་དཔོན་ལ་གནས་ཚུལ་གསལ་པོ་སྙན་སེང་ཞུས།རྫོང་དཔོན་གྱིས་དགྱེས་ཚོར་ཆེན་པོས།ད་བྱས་ན་སོང་ཞོགས་དེ་ནམས་མཇལ་བར་འགྲོ་དགོས་ཞེས་བརྗོད་ནས་ཕྱི་ཉིན་ཞོགས་པ་སྔ་མོ་ནས་དེ་རྣམས་མཇལ་བར་བསྐྱོད་དེ་བལྟ་སྐབས་བྲག་ཕུག་ནང་དུ་གྲྭ་པ་གནས་སྐོར་བ་ཁག་སོ་སོར་བཞུགས་ནས་ཡོད་པ་རེད།རྫོང་དཔོན་གྱིས་རྗེ་བློ་བཟང་གྲགས་པར་ཁྱེད་རང་གང་ནས་ཕེབས།དོན་ཅིའི་ཕྱིར་ཡིན།མཚན་ལ་ཅི་ཞུ་ཞེས་དྲིས།རྗེ་བློ་བཟང་གྲགས་པས་ང་མདོ་ཁམས་ནས་ཡིན།ས་དེར་ཆོས་ཀྱི་རྩ་བ་འཛུགས་ཕྱིར་ཡོང་།མིང་ལ་བློ་བཟང་གྲགས་པ་ཞེས་བརྗོད་ཀྱི་ཡོད།གསུངས་པས་རྫོང་དཔོན་ལ་དགའ་སྤྲོ་དཔག་ཏུ་མེད་པ་བསྐྱེད་ནས།ཁྱེད་རྣམས་ང་ཡི་ཡུལ་དུ་ཆོས་གནང་བར་ཕེབས་པ་ལེགས་སོང་།ང་རྫོང་དེའི་རྫོང་དཔོན་ཡིན།བྱས་ཙང་ཁྱོད་རྣམ་པ་ཚོར་གང་མཁོ་མ་གསོལ་ཆས་ང་ཡིས་འབུལ་གྱི་ཡིན་པས་ཁྱེད་རྣམས་དེར་བཞུགས་རོགས་གནང་ཞེས་ཞུས།རྗེ་བློ་བཟང་གྲགས་པས་ཁྱེད་རང་དེ་འདྲ་གནང་དགོས་མ་རེད་ང་ཚོས་དཀའ་སྤྱད་ཀྱིས་འཚོ་བ་སྐྱེལ་དགོས་པ་རེད།འོན་ཀྱང་ཁྱེད་ལ་རེ་བ་ཞུ་རྒྱུར།ས་འདིར་འདུལ་བའི་སྤྱོད་ལམ་བཞི་གཤོམས་པའི་ཁང་པ་ཞིག་སྒྲུབ་ཨེ་ཡོང་ཞེས་གསུངས།རྫོང་དཔོན་གྱིས་དགྱེས་ཚོར་ཆེན་པོའི་ངང་ནས་འགྲིག་གི་རེད།ད་ལོ་རང་སྒྲུབ་པ་ཞུས་ཆོག་ཅེས་ཞུས་པ་ལྟར་ལོ་དེ་ག་རང་ལ་སྒྲུབ་ཁང་ཞིག་བསྒྲུབས་པ་རེད།བློ་བཟང་གྲགས་པས་སྒྲུབ་ཁང་དེའི་ཆོས་རའི་གཞུང་དུ་སྐུ་ཕྱག་འབུམ་སུམ་ཅུ་སོ་ལྔ་ཕུལ་བའི་རྗེས་སྐུ་ངལ་གསོས་ཏེ་བཞུགས་པས་དུང་རིའི་རྩེ་ནས་སངས་རྒྱས་སུམ་ཅུ་སོ་ལྔ་དང་སྨན་བླ་བདེ་གཤེགས་བརྒྱད།ཚེ་དཔག་མེད།རྒྱལ་བ་བྱམས་པ་བཅས་ཀྱི་ཞལ་གཟིགས་ཉིན་མཚན་ཀུན་དུ་བྱུང་བ་རེད།  དེའི་རྗེས་རྗེ་ཙོང་ཁ་པ་ཆེན་པོ་བློ་བཟང་གྲགས་པས་སངས་རྒྱས་ཀྱི་བསྟན་པ་དང་།དགེ་ལུགས་ཀྱི་ཆོས་ཀྱི་ཕྱིར་དུ་རི་དེའི་རྒྱབ་ཏུ་ལྷས་སྟེང་དགོན་པ་ཕྱག་བཏབ་གནང་བ་དང་རབ་གནས་ལ་སོགས་པའི་ཆོས་དོན་མང་དུ་མཛད།དེའི་རྗེས་བསྟན་འཛིན་བྲག་ཕུག་ཏུ་རྟེན་འབྲེལ་བསྟོད་པ་ཞེས་པའི་གསུང་ཆོས་གནང་བ་དང་རྒྱལ་སོགས་ཕྱག་བཏབ་སྐབས་ཡི་དམ་རྡོ་རྗེ་འཇིགས་བྱེད་ཀྱི་ཞལ་གཟིགས་བྱུང་ནས་ཆུ་བཟང་དགོན་པ་ཕྱག་བཏབ།ལོ་དེར་རྗེ་ཙོང་ཁ་པ་ཆེན་པོ་དགུང་ལོ་སུམ་ཅུ་སོ་བདུན་གྱི་དགུང་སྐག་འཁེལ་བ་དང་སྐག་གེགས་ལྡོག་ཆེད་དུ་ཚེ་དཔག་མེད་ཀྱི་སྐུ་པར་གསེར་མདོག་མ་གཅིག་གི་ཚ་ཚ་དགུ་བརྒྱ་དགུ་བཅུ་གོ་དགུ་པར་དུ་བླངས་པས་ཚེ་དཔག་མེད་ཀྱི་སྐུ་པར་གསེར་མདོག་མ་དེ་ནམ་མཁར་འཕུར་སོང་བ་རེད།ཚེ་དཔག་མེད་ཀྱི་སྐུ་པར་ཆིག་སྟོང་ལ་ཉེ་བ་བརྒྱབ་རྐྱེན་སྐུ་སྟོད་ལ་སྙུང་གཞི་བཞེས་ནས་བཅོས་ཐབས་གང་འདྲ་ཅི་འདྲ་བྱས་ཀྱང་མི་ཕན་པར་མཐར་གཙང་ས་སྐྱ་རུ་ཕེབས།ས་སྐྱ་ལྷ་ཁང་ཆེན་མོར་དགེ་སློབ་བཞི་ཡིས་སྔགས་ཕུལ་ནས་སང་དྲག་ཏུ་ཕྱིན་པ་དང་དེ་ནས་ཕྱིར་ལོག་ཕེབས་སྐབས་མི་ཡོན་ཏན་གཡུ་འབྲུག་གིས་ཕྱག་བཏབ་པའི་དགོན་པ་དེར་གནས་གཟིགས་ལ་ཕེབས།དགོན་པ་དེའི་ལྷ་རིས་ཐམས་ཅད་ཉམས་ཤིང་ལྡེབས་རིས་རྣམས་གོག་ནས་ཡོད་པ་གཟིགས་ཏེ་རྗེ་བློ་བཟང་གྲགས་པ་ཐུགས་ཤིན་ཏུ་སྐྱོ་ནས་སླར་རྫིང་ཕྱི་ཉམས་གསོ་མཛད་ནས་རབ་གནས་གནང་བས་སངས་རྒྱས་སུམ་ཅུ་སོ་ལྔ་དང་།གནས་བརྟན་བཅུ་དྲུགཚེ་ལྷ་རྣམ་གསུམ་བཅས་མངོན་སུམ་དུ་ཕེབས་ཏེ་ལྡེབས་རིས་སུ་ཐིམས་པ་རེད།

  དེའི་རྗེས་ལ་རྗེ་བློ་བཟང་གྲགས་པ་འོལ་དགའ་གཟིམ་ཁང་དཀར་པོར་ཕེབས་པ་དང་།དེར་ལོ་གཉིས་བཞུགས་རིང་སྲིད་པའི་ལྷ་ཆེན་འོ་དེ་གུང་རྒྱལ་ལ་དགེ་བསྙེན་གྱི་སྡོམ་པ་གནང་བ་མ་ཟད།ཆོས་སྔགས་རིམ་ཆེན་མོ་དང་སྦྱིན་བསྲེག་དངོས་གྲུབ་རྒྱ་མཚོ་གསུངས་ཤིང་དེའི་ལོར་དབྱར་གནས་ཀྱི་གསོ་སྦྱོང་གནང་སྐབས་བསྐལ་བཟང་སངས་རྒྱས་སྟོང་གསོ་སྦྱོང་ལ་ཕེབས་ནས་ཡོད་པ་རྗེ་ཙོང་ཁ་པས་གཟིགས་ཏེ་ཧང་སང་ནས་འོ་དེ་གུང་རྒྱལ་ལ་གུང་རྒྱལ་ལགས།སྔར་དེ་ལྟ་བུ་བྱུང་མྱོང་ངམ་ཞེས་བཀའ་འདྲི་གནང་།འོ་དེ་གུང་རྒྱལ་གྱིས་སྔར་སངས་རྒྱས་འོད་སྲུང་སྐབས་དེ་ལྟ་བུ་ཞིག་བྱུང་མྱོང་ཡོད།དའི་རྗེས་རྗེ་ཁྱེད་རང་གི་དུས་ལ་མ་གཏོགས་བྱུང་མྱོང་མེད་ཅེས་ཞུས་པ་རེད།  དེ་ནས་ཡང་ལྷ་ཤོད་ཀྱི་རི་ཁྲོད་དུ་ཕེབས་ཏེ་དབྱར་ལོ་གཅིག་བཞུགས་རིང་རྣམ་རྒྱལ་བསྟོད་ཕྲེང་རྒྱ་མཚོ་གསུངས་ཤིང་སླར་ཆོས་ལུང་ལ་ཕྱིར་ལོག་ཕེབས་སྐབས་རྗེ་བློ་བཟང་གྲགས་པ་དགུང་ལོ་ལྔ་བཅུར་སོན་ནས་ཡོད་པ་རེད།སྐབས་དེར་བློ་བཟང་གྲགས་པས་ཆོས་ལུང་དུ་ལམ་རིམ་ཆེན་མོའི་གསུང་ཆོས་ཉིན་བདུན་གནང་བའི་མཐར་བྲག་ཁྱུང་འདྲ་བའི་སྟེང་དུ་སྐུ་བསྙེས་ནས་བཞུགས་ཏེ་ཐག་རིང་ལ་གཟིགས་པས་དགའ་ལྡན་ཡིད་དགའ་ཆོས་འཛིན་ཞལ་གཟིགས་བྱུང་ནས་ཐུགས་ཤིན་ཏུ་མཉེས་བཞིན་བྲག་གི་སྟེང་དུ་སྐུ་གཟུགས་ཀྱི་རྗེས་ཀྱང་བཞག་ཡོད་པ་རེད།   རྗེ་བློ་བཟང་གྲགས་པ་དགུང་ལོ་ལྔ་བཅུ་ང་གཅིག་ལ་ཕེབས་སྐབས་གྲྭ་དམངས་ཀྱི་སྒྲིག་ཁྲིམས་སུམ་ཅུ་སོ་དྲུག་དང་དགེ་སློང་གི་ཆོས་ཁྲིམས་ཉིས་བརྒྱ་ལྔ་བཅུ་གསུངས་ནས་དགའ་ལྡན་རི་ཁྲོད་དུ་ཕེབས་སོ།།
 
 


  • ལེ་ཚན་སྔོན་མ།:དམངས་ཁྲོད་མགུར་གླུ།
  • ལེ་ཚན་རྗེས་མ།: རི་གླུ་གསར་པ།