དེང་རབས་སྙན་ངག་གི་བརྡ་ཆད་སྐོར་ལས་བར་སྟོང་དང་ཡིད་བརྙན།

རེ་རྐང་གླིང་།    མཚོ་སྔོན་པོ་དྲ་བ།    2013-10-10

སྐད་ཚོམས། དེང་རབས་སྙན་ངག
མདོ་འཛིན་པ། རེ་རྐང་གླིང་།
ཚོགས་ཞུགས་མི། དཔའ་རྩེ་དང་མཚོ་སྐྱེས། ལྷམ་ཀོག  ལྷ་ཆབ་སྦྱིན་པ།  ཞོགས་ལྗང་། འཆིང་གྲོལ་སོགས།
        ཡིད་བརྙན། ཡང་ན་ཡིད་གཟུགས་སམ་བློ་ཁམས་སུའང་བཏགས་ཡོད། དབྱིན་ཡིག་གིསlmageryདང་རྒྱ་ཡིག་གིས (意象)ཞེས་བྲིས་ཡོད། ཚིག་མཛོད་རྣམས་སུ“རྣམ་པར་བཀོད་པའི་རྒྱས་བཤད”དང“གསལ་བཤད་ཀྱི་དཔེ” “དམིགས་རྟེན་རི་མོའམ་འདྲ་བརྙན”སོགས་སུ་འགྲེལ་ནས་ཡོད།
ཞོགས་ལྗང་།
        ལྷན་རྒྱས་ཁམས་བཟང་། འདྲི་རྒྱུ་ཞིག་ལ། སྙན་ངག་གི་བར་སྟོང་ཞེས་པ་ག་འདྲ་ཞིག་ལ་ངོས་འཛིན་བྱས་ན་འོས་སམ།
རེ་རྐང་གླིང་།
        བར་སྟོང(空间)ཞེས་པ་བརྗོད་བྱའི་ཁྱབ་ཁོངས་ཀྱི་ཁོངས་དཀྱེལ་ཚུལ་དེ་གཙོ་བོ་ཡུལ་གྱི་ངོས་ནས་འཇོག་གིན་འདུག དེ་ཡང་ཚན་རིག་གི་གྲུབ་ལུགས་ལྟར་བར་སྟོང་གི་འཇོག་ཚུལ་ལའང་འགྱུར་བ་འབྱུང་བཞིན་པ་ནི་ད་ལྟ་རྩོམ་རིག་སྒྱུ་རྩལ་གྱི་ཁྲོད་དུའང་ཡུལ་ཁམས(三度空间)སོགས་རྒྱ་ཁྱོན་དང་རིང་ཚད་སོགས་ལ་མི་གཏོགས་པའི་བར་སྟོང་གི་ཐབས་རྩལ་དག་བྱུང་ཡོད་པ་རེད། ཡང་འགའ་རེས་བར་སྟོང་དང་དུས་ཚོད་ཀྱི་བརྗེ་སྤོར་དེས་མ་རྩའི་བར་སྟོང་ལ་མགོ་ཉོག་འབྱུང་གིན་ཡོད་མོད། དེ་ཡང་བར་སྟོང་གི་ཆ་ཅན་གྱི་དུས་ཚོད་དང་དུས་ཚོད་ནང་ངོས་ཀྱི་བར་སྟོང་སོགས་བྱེ་བྲག་གི་རིག་པ་དེ་དག་ཞུགས་མ་ཐག་ནས་ངེས་དགོས་པའི་རྒྱུ་མཚན་མེད་པར་འདོད་དོ།།
འཆིང་གྲོལ།
        རྩོམ་རིག་གི་བར་སྟོང་ཞེས་ན་དངོས་ལུགས་རིག་པ་བ་རྣམས་ཀྱིས 时间 དང 空间 ཞེས་པ་ཞིག་བཤད་པའི 空间 དེ་བཙན་གྱིས་ཚུར་སྦྱར་ནས་མགོ་བོ་རྨོངས་པར་བྱས་པ་ལས་མ་འདས་སྙམ། རང་རེས་ནི་དེ་ལ་སྙན་ངག་གི་ཡུལ་ཞེས་བཏགས་ནས་བརྗོད་བྱའི་དོན་དང་རྗོད་བྱེད་ཀྱི་དམིགས་ས་ཞིག་ལ་ངོས་འཛིན་དགོས་སྙམ།
ཞོགས་ལྗང་།
        འོ་ལེ། རིག་གནས་སོ་སོ་ནི་དེ་ལྟར་གཅིག་ལ་གཅིག་འདྲེས་ཀྱིན་འཕེལ་གྱིན་པ་འདྲ་སྟེ། སྔོན་མའི་སྐད་བརྡ་རིག་པ་དང་སེམས་ཁམས་རིག་པ་སོགས་ཀྱང་དྲངས་ཤིང་གྲུབ་པ་མིན་ནམ། དེང་སྐབས་སྙན་ངག་གི་དུས་ཚོད་དང་བར་སྟོང་ཞེས་པ་ཤིག་གླེང་གིན་འདུག་ལ། དེ་ལྟར་གླེང་བས་མི་ལེགས་པ་ཞིག་ཀྱང་ལར་ནས་མིན་པ་འདྲ་བས། ཤེས་འོས་པ་དེ་ཤེས་འདོད་ཚ་བོས་དྲིས་པ་འབའ་ཞིག་ལས་གཞན་མིན།
རེ་རྐང་གླིང་།
        ཡུལ་དང་བར་སྟོང་གཉིས་གཅིག་ས་མ་རེད། བར་སྟོང་དེ་ཡིད་ཡུལ་གཉིས་ཀས་སྟེང་འབྱོར་བ་མ་ཟད། སེམས་ཁམས་ཆིག་ལབ་ཀྱི་རྣམ་པའི་བར་སྟོང་སོགས་གཙོ་བོ་དུས་ཀྱི་ངོས་སུ་འཇོག་དགོས་ན་གནས་སྐབས་སུ་ཐ་སྙད་དེ་མ་གཡར་ཐུ་མེད་རེད་བསམ།
རས་པ།
        ངས་ནི་སྙན་ངག་གི་བར་སྟོང་ཟེར་བ་རྩོམ་མཁན་གྱིས་ཀློག་པ་པོའི་བསམ་བློ་འགུལ་བའི་ཆེད་དུ་བཞག་པའི་དཀྱོགས་ཤིག་རེད་བསམ་ཐལ། རྐང་གླིང་གིས་ཁ་གསལ་རེ་གསུངས་རོགས།
གངས།
        སྙན་ངག་གི་བར་སྟོང་ཞེས་པ་མགོ་རྨོངས་བྱེད་ཀྱི་བརྡ་ཆད་ཅིག་རེད། འདི་ལས་སུས་ཀྱང་མག་མོག་གི་འབྲེལ་བཤད་ཅིག་ལས་མ་རིག་པའི་བློ་སངས་པར་བྱེད་པའི་ཁ་གསལ་གོ་བདེའི་འགྲེལ་ཡང་དག་པ་ཞིག་མེད་པ་འདྲ།
རེ་རྐང་གླིང་།
        དེ་རེད། ཡིན་ནའང་བར་སྟོང་དེ་ངེས་བཅད་མེད་པར། རྩོམ་མཁན་དང་ཀློག་མཁན་གཉིས་ཀར་ལྡན་ངེས་ཀྱི་བར་སྟོང་མི་འདྲ་བ་ཡོད་པས། བར་སྟོང་བཤད་དུས་སུ་ངེས་པར་གཞུང་ལུགས་ཀྱི་ཤན་ཆེ་ཀི་རེད།
འཆིང་གྲོལ།
        དེ་འདྲའི་སྐྱོན་ཞིག་མི་ཡོང་སྟེ། ཡིད་དེ་ཡང་མཐར་གཏུགས་ན་སྙན་ངག་གི་ཡུལ་ཡིན་པས་སོ།།
གུ་རུ་དོན་གྲུབ།
        རྩོམ་པ་པོས་ཚིག་ཁོ་ནས་བརྗོད་མི་བཏུབ་པའི་སྨྲ་བསམ་བརྗོད་འདས་ཀྱི་ཆ་དེ་བསམ་གཟས་ནས་ཚིག་དང་ཚིག་གི་བར་ཐག་གྱེས་པར་བྱས་ཏེ་ཕག་ཏུ་ཁོང་ཐིག་ཅིག་གིས་ཡོངས་སུ་སྦྲེལ་བར་བྱས་པ་ཞིག་ལ་གོ དེ་ལྟར་བྱ་དོན་ནི་བརྩམས་ཆོས་ཀྱི་ནང་གི་འཇིག་རྟེན་རྒྱ་ཆེ་རུ་གཏང་ཆེད་དང་ཀློག་པ་པོའི་བསམ་གཞིག་གི་ཤོངས་རྒྱ་ཆེ་རུ་གཏང་ཆེད་ཅིག་རེད་བསམ།
ལྷམ་ཀོག
        འཇུ་སྐལ་བཟང་ལགས་ཀྱིས། སྙན་ངག་ནི་ཤར་སྒོར་འཛུལ་ན་ནུབ་སྒོ་མཐོང་བ་ཞིག་མ་ཡིན་པའི་ཚུལ་ཞིག་བཤད་འདུག་པ་དེའང་སྙན་ངག་གི་བར་སྟོང་ཡོད་མེད་ཅིག་ལ་གཟས་ཨེ་ཡོད་དམ་སྙམ་པ་ཟད། སྙན་ངག་བཟང་པོ་ཞིག་བཀླགས་ན་ཀློག་མཁན་སོ་སོར་ཆུ་ནང་གི་ཟླ་གཟུགས་ལྟར་སྣ་ཚོགས་སུ་སྣང་བ་དེ་ཡང་བར་སྟོང་དང་དམ་པོར་འབྲེལ་ཡོད་དམ་སྙམ།
ལྷ་ཆབ་སྦྱིན་པ།
        སྤྱིར་བཏང་གིས་ཐ་སྙད་འདིའི་རིགས་གང་ནས་བྱུང་མིན་ཧ་གོ་བའི་སྒོ་ནས། རང་རེའི་བརྡ་ཆད་གང་དང་སྦྱར་རུང་མིན་ཐད་དཔྱད་དགོས། དེ་མིན་ཐད་བསྒྱུར་སོགས་བྱས་པའི་མིང་འདིའི་རིགས་ཀྱིས་འུ་ཅག་ལ་ཤགས་འགྱེད་སློང་གི་ཡོད།
དེ་སྙན་ངག་གི་བར་སྟོང་ལ་འབྲེལ་བ་ཡོད་ཟེར་བ་ལས། ཀློག་མཁན་གྱི་ཆུ་ཚད་ལ་འབྲེལ་བ་ཡོད་ཅེས་ན་མི་བདེའམ།
རེ་རྐང་གླིང་།
        རྒྱ་ཡིག་གིས་དོན་གནད་གསལ་འགྲེལ་བྱས་པ་ཡོད་མོད། དེ་ཡང་རང་རེའི་ཡུལ་དང་མི་འདྲ་ས་མང་བས་ཅུང་ཉོག་འགྲོ་གི་རེད། མ་ཟད་རྒྱ་ཡིག་གི་སྙན་ངག་ཕལ་ཆེ་བ་ཡིད་བརྙན་གྱི་འཇོག་ཚུལ་དེ་གཙུགས་ཆེ་ལ་ཡི་གེའང་རི་མོའི་གཟུགས་ཅན་ཡིན་པས་བོད་རང་གི་སྙན་ངག་སོགས་ལ་དཔེ་མི་མཚུངས་སྙམ་པ་ཞིག་འདུག
རས་པ།
        སྙན་ངག་ནི་ཡིད་བརྙན་ཡིན་པ་གཞིར་བཞག་གིས་མ་བཤད་ཚེ། བར་སྟོང་བཤད་དཀའ་གི སྤྱིར་ན་སྙན་ངག་ལ་མཚན་ཉིད་རིག་པའི་ཧང་རྒྱུག་བྱས་ཚེ་ལག་ཏུ་ཐ་ན་གཏོར་མའང་ཡོང་རེ་དཀོན།
གུ་རུ་དོན་གྲུབ།
        དབྱིག་པས་རྔ་བརྡུངས་པ་ན་མུ་ནས་མུར་གྲགས་ནས་ཆད་རྒྱུ་མེད་པའི་སྒྲ་ལྟ་བུ་དེ་ནི་ད་གཟོད་སྙན་ངག་གི་བར་སྟོང་ལ་གོ་ན་འགྲིག་གི་རེད་བསམས།
དཔའ་རྩེ།
        སྙན་ངག་གི་བར་སྟོང་ཞེས་པ་ཧ་གོ་མ་སོང་ཡང་། ཁྱོད་ཅག་གིས་བཤད་ཚུལ་ལ་བརྟག་ན། སྙན་ངག་མྱོང་རོལ་སྐབས་ཀྱི་བསམ་གཞིག་གི་བར་སྟོང་ངམ་ཡིད་འདྲེན་བྱེད་ཀྱི་ཁམས་ཡངས་པོ་ཞིག་ཡོད་པ་དེར་ཟེར་བ་ཡིན་ནམ་སྙམ།
ལྷམ་ཀོག
        ཡིད་བརྙན་ཡོད་གཞི་རུ་འཇོག་དགོས་པར་འདོད། སྲོལ་རྒྱུན་སྙན་ངག་ནི་རྡོ་བརྩིགས་ལྟ་བུ་རེད་ཅེས་པའི་གཏམ་འདི་ཡང་ཡིད་བརྙན་ཞན་པས་ལན་ནམ་སྙམ།
ཁ་པ་དཀར་པོ།
        སྙན་ངག་གི་ཐ་སྙད་ལ་རྒྱ་ཡན་དང་གཏོར་བརླགས་ཀྱི་ཤེད་ནུས་ལྡན།
འཆིང་གྲོལ།
        ཡིད་བརྙན་ཟེར་བ་དེ་རང་རེའི་དོན་སྤྱི་ཞེས་པ་དང་ཤིན་ཏུ་ནས་འདྲ་བོ་འདུག་ནའང་། ཡིད་བརྙན་ལ་སྒྲ་དང་ཤེས་པའི་ཡིད་བརྙན་ཡང་དགར་རྒྱུ་འདུག་པས་དེ་ཡང་དེ་ཙམ་མི་འགྲིག་སྙམ།
རེ་རྐང་གླིང་།
        རྒྱའི་ཡིད་བརྙན་དག་གཙོ་བོ་གཟུགས་ལ་གོ དེ་ཡང་གནའ་རབས་པའི་ཡིད་བརྙན་གྱི་ཤན་ཡིན་ཁ་རེད།
ཞོགས་ལྗང་།
        རྒན་བདུད་ལྷ་ལྟར་ན་ཡིད་གཟུགས་ཟེར་རྒྱུ་རེད། རང་རེ་ཚོར་གཟུགས་རྒྱན་ཞེས་པ་ཞིག་ཡོད་པས་དེ་ལྟར་བཀོལ་ན་གོ་བ་བླ་ལྷག་ཏུ་སྟེར་གི་འདུག་ཟེར།
ལྷམ་ཀོག
        གཟུགས་རྒྱན་དང་ཡིད་གཟུགས་གཉིས་འདྲ་བར་བཟུང་ན་དེ་ནི་ཤིན་ཏུ་འཁྲུལ་བ་ཞིག་རེད་སྙམ།
འཆིང་གྲོལ།
        གཟུགས་རྒྱན་ནི་བུར་ཤུན་ལྟ་བུ་ཞིག་ཡིན་ན། ཡིད་བརྙན་ནི་བུ་རམ་གྱི་རོ་ལྟ་བུ་ཞིག་ཡིན་པས་གཟུགས་རྒྱན་དང་འབྲེལ་ཚུལ་བཤད་པ་དེ་ཙམ་འཐད་དཀའ་སྙམ།
ལྷ་ཆབ་སྦྱིན་པ།
        འུ་ཅག་གི་ངག་རྒྱུན་གྱི་ཕྲེང་བར་བརྒྱུས་པའི་གཏམ་དང་ཚོམས་དེ་དག་གིས་སྐྱེད་ནུས་པའི་དགའ་སྐྱོའི་ཚོར་བ་དང་། དེ་ཡི་རྗེས་སུ་ཆགས་པའི་སེམས་དེ་ཡིད་བརྙན་དུ་འདོགས་དེ་ཨེ་ཡིན་ན་འདོད་ཀི
མཚོ་སྐྱེས།
        སྣང་བརྙན་དང་འབྲེལ་བས་ཡིད་བརྙན་དུ་བཏགས་པ་ཡིན།
རེ་རྐང་གླིང་།
        བོད་ཀྱི་སྲོལ་རྒྱུན་སྙན་ངག་གི་མ་འཁྱོངས་པའི་ལས་ཀ་གཙོ་བོ་དཔེ་དང་རྒྱན། མཚུངས་གསལ་གྱི་སྒྲ་སོགས་ཅེས། བར་སྟོང་ལ་ས་བླུགས་པའི་མཇུག་འབྲས་སུ་ངེས་སྲོལ་ཅན་གྱི་སྙན་ངག་པ་མང་པོ་བྱུང་སོང་བ་མ་ཡིན་ནམ།
ཞོགས་ལྗང་།
        ཡང་ཁྱོད་ཚོ་ནོར་ཐལ། ངས་དེ་གཉིས་འདྲ་གི་ཟེར་གི་ཞེས་ཟེར་བ་མིན། གཟུགས་ཞེས་པ་དེའི་སྟེང་ནས་གཟུགས་རྒྱན་གྱི་ཆ་ཡང་སྟོན་ཐུབ་ལ། ཡིད་བརྙན་ལ་ཡང་དེའི་ནུས་པ་ཡོད་གི་ཟེར། དེ་བས་ཡིད་གཟུགས་ཞེ་ན་ཡག་གི་ཟེར། འགྲིག་མིན་དཔྱོད་ཅིག
ལྷམ་ཀོག
        དཔེ་རྒྱན་དང་གཟུགས་རྒྱན་གཉིས་ནི་མཚུངས་ཆོས་ཀྱིས་སྦྲེལ་བ་ཞིག་གོ
དཔའ་རྩེ།
        ཡིད་བརྙན་དང་སྣང་བརྙན་གཉིས་ནོར་མི་ཉན་པ་གལ། ཡིད་བརྙན་ནི་ཐ་སྙད་གསར་བ་ཞིག་ཡིན་པའི་ཆ་ནས་ཡང་དག་བཤད་ན་ཡིད་གཟུགས་ཞེས་ན་འགྲིག་གི་འདོད། དེ་ཡང་རང་གི་ཡིད་དེ་གཟུགས་ཀྱི་རྣམ་པར་བཀོད་པ་རེད། གཟུགས་དེའི་སྟེང་དུ་ཡིད་ཀྱི་ཚོར་འདུ་འོ་ཆུ་འདྲེས་པ་བཞིན་སིམ་པར་བྱས་ཏེ་ཡིད་འགྱུར་མཚོན་པ་རེད།
གུ་རུ་དོན་གྲུབ།
        ཡིད་བརྙན་ལ་རྟོག་པའི་ཞིང་ཁམས་ཤིག་ངེས་པར་ཡོད་དགོས་པས། གཟུགས་རྒྱན་དང་གཅིག་ཏུ་ངོས་བཟུང་ན་མི་འགྲིག་སྙམ།
རས་པ།
        སྐབས་འདིར་ཡིད་བརྙན་ནི་བསམ་བློའི་ལོངས་སྤྱོད་ཅིག་ཡིན་པ་ལས་བསྟན་དུ་ཡོད་པ་ཞིག་ཨེ་ཡིན་ན།
རེ་རྐང་གླིང་།
        ཡིད་གཟུགས་ཞེས་བཏགས་ན་སྙན་ངག་རྩོམ་མཁན་ཅུང་ཁེངས་པ་ཆེ་དྲགས་བཞག གཟུགས་སུ་བཀོད་པ་དེ་གཟུགས་ཅན་དུ་གྲུབ་མིན་ད་དུང་བཤད་དཀའ་བས། ཡིད་ཀྱི་ལྡེབས་རིས་ངོས་སུ་འཆར་བའི་བརྙན་དེ་རེད་པ།
གུ་རུ་དོན་གྲུབ།
        རང་གི་ཡིད་དེ་གཟུགས་ཀྱི་རྣམ་པར་བཀོད་པ་ཟེར་བ་ལས། རང་གི་ཡིད་ཀྱི་རྣམ་པ་དེ་གཟུགས་ཀྱི་ངོ་བོར་བཀོད་པ་ཞེས་ན་གོ་བ་ལེན་སླ་གི་འདོད།
དཔའ་རྩེ།
        གཟུགས་སུ་བཀོད་པ་དག་ངེས་པར་གཟུགས་སུ་གྲུབ་དགོས་ན་དཀའ་ཚོད་མོད། མ་མཐའ་ཡང་མྱོང་མཁན་གྱི་ཡིད་ངོར་གཟུགས་ཀྱི་རྣམ་པར་མངོན་དགོས་ཀྱི་རེད། སྙན་ངག་ནི་སྙན་ངག་ཏུ་འགྲོ་རྩ་བའང་དེ་རེད་སྙམ།
དཔའ་རྩེ།
        སྣང་བརྙན་དང་ཡིད་གཟུགས“ཡིད་བརྙན”གཉིས་ལ་ཁྱད་པར་ཡོད་གི་འདོད་ཡོད། རྗེས་མར་བགྲོ།
རེ་རྐང་གླིང་།
        ཡིད་བརྙན་དེ་གཙོ་བོ་རང་མྱོང་གི་ཤས་ཆེ་བ་ཡིས་སྐབས་འགར་སྐྱེ་མཆེད་དང་ཡོངས་སུ་ཐ་དད་པའི་འདྲེས་ཚོར་གྱི་ངོ་བོ་ཡང་འབྱུང་གིན་འདུག་པས། གཟུགས་སུ་སྟོན་མི་རུང་སྙམ།
འཆིང་གྲོལ།
        འདི་ལ་ལྟོས་དང་གྲོགས་པོ་ཚོར་ཕན་ཐོགས་ཡོད་ངེས་སྙམ། འབྲི་མཁན་ནི་སྐྱབས་ཆེན་བདེ་གྲོལ་རེད།
        དེ་ཡང་ཡིད་བརྙན་ཞེས་པ་ནི་སེམས་ཁམས་རིག་པའི་ཁོངས་སུ་གཏོགས་པར་མ་ཟད་རྩོམ་རིག་གི་ཁོངས་སུའང་གཏོགས་པ་ཞིག་རེད།
        སེམས་ཁམས་རིག་པ་ལྟར་ན། ཡིད་བརྙན་ཞེས་པའི་དོན་དེ་ནི་འདས་པའི་དུས་ཀྱི་དྲན་པའམ་ཚོར་བའི་མྱོང་བ་གང་ཞིག་སླར་སེམས་ངོར་ཤར་བའམ་ཕྱིར་དྲན་པ་ལ་འཇུག་ཅིང་དེ་ཉིད་མིག་ཤེས་ཀྱི་གཟུང་བྱ་ཞིག་ཡིན་པའི་ངེས་པའང་མི་འདུག
         གྷོལ་ཏོ (Galton) གྱིས་བརྗོད་གཞི་དེའི་ཕྱོགས་ནས་ཞིབ་འཇུག་གི་ལམ་གསར་བ་ཞིག་བཤངས་འདུག་པར། ཁོང་གིས་གཟུགས་གང་ཞིག་མི་ཡི་སྣང་ངོར་ཅི་ལྟ་བུའི་སྒོ་ནས་བསྐྱར་དུ་འཆར་ཐུབ་མིན་གྱི་སྐོར་ལ་དཔྱད་པ་བཏང་ཞིང་འདས་པའི་དོན་རྣམས་གཟུགས་ཀྱི་ཚུལ་དུ་སྣང་བའི་ཚད་ལ་ཆེ་ཆུང་མི་འདྲ་བ་སྣ་ཚོགས་འདུག་པ་དང་། ཡིད་བརྙན་ནི་མིག་ཤེས་ཀྱི་གཟུང་བྱ་ཁོ་ནར་མ་ངེས་པའི་ལྟ་བ་བཏོན་པ་རེད།
         སེམས་ཁམས་རིག་པ་དང་མཛེས་རིག་པ་ཚོས་ཡིད་བརྙན་གྱི་དབྱེ་བ་དེ་རྟ་མོག་མོག་གི་སྤུ་བཞིན་བཀར་ཡོད་དེ། རོ་ཡི་ཡིད་བརྙན་དང་། དྲི་ཡི་ཡིད་བརྙན་ཡོད་པར་མ་ཟད། ཚ་བའི་ཡིད་བརྙན་དང་། ལྕི་ཡང་གི་ཡིད་བརྙན། ལྷིང་འཇགས་ཀྱི་ཡིད་བརྙན། གཡོ་བ་དང་འགུལ་བའི་ཡིད་བརྙན་སོགས་སོ། །
        དེ་ལས་ཁ་དོག་གི་ཡིད་བརྙན་ལྟ་བུར་མཚོན་ན་སྲོལ་རྒྱུན་ནམ་སྐྱེས་བུ་སྒེར་གྱི་མཚོན་དོན་ཅན་གྱི་ཡིད་བརྙན་ཡིན་དུ་རུང་ལ་མིན་དུའང་རུང་། ཡང་སྙན་ངག་པའི་རང་བཞིན་མ་ཡིན་པའི་སེམས་ཁམས་སམ་རང་གཤིས་ལས་བྱུང་བའི་ཚོར་བ་བརྗེ་བའི་ཡིད་བརྙན་ལ་མཚོན་ན་ཚོར་བ་ཞིག་ཚོར་བ་གཞན་ཞིག་ཏུ་བརྗེ་བར་བྱེད་པ་སྟེ། དཔེར་ན་སྒྲ་གང་ཞིག་ཁ་དོག་ཏུ་བརྗེ་བ་ལྟ་བུའོ།། ད་དུང་སྙན་ངག་གི་ཀློག་པ་པོར་ཤིན་ཏུ་འཚམ་པའི་རིགས་དབྱེ་སྟངས་ཀྱང་ཡོད་དེ། ངེས་པ་ཅན་གྱི་ཡིད་བརྙན་དང་། ངེས་པ་མེད་པའི་ཡིད་བརྙན་ནོ། །
        དེ་ལས་སྔ་མ་ནི་སྒྲ་ཡི་ཡིད་བརྙན་དང་ལུས་པོའི་ཤ་ལ་རེག་པའི་ཡིད་བརྙན་ལ་གོ་སྟེ། དེ་ལྟ་བུའི་ཡིད་བརྙན་གྱིས་སྙན་ངག་ཅིག་ཀློག་པའམ་ཡང་ན་གཞན་ལ་ཉན་དུ་བཅུག་པ་གང་ཡིན་ཡང་ཚོར་བ་གཅིག་མཚུངས་སུ་སྟེར་བར་བྱེད། ཕྱི་མ་ནི་མིག་ཤེས་སོགས་ཤེས་པ་གཞན་གྱི་ཡིད་བརྙན་ཏེ་དེ་ནི་བདུད་རྩི་ཕོར་བ་གང་ཡི་དྭགས་ཀྱི་སྣང་ངོར་རྣག་ཁྲག་དང་ལྷ་ཡི་སྣང་ངོར་བདུད་རྩི་བཞིན་ཀློག་མཁན་གྱི་རིགས་མི་འདྲ་བར་བརྟེན་ནས་འགྱུར་བར་བྱེད། (Rene Wellek དངAustin Warrenགཉིས་ཀྱིས་བརྩམས་པའི《རྩོམ་རིག་གཞུང་ལུགས》ཞེས་པའི་ལེའུ་བཐོ་ལྔ་བར་གསལ)
ལྷམ་ཀོག
        ཡིད་བརྙན་གྱི་དོན་ལ་འོལ་སྤྱི་ཙམ་བཤད་ན། སེམས་ཀྱི་འགྱུ་བའི་ངོ་བོ་ཕྲ་རགས་དོན་སྤྱིའི་ཚུལ་དུ་མ་བསྐྱུར་བར་མངོན་སུམ་དུ་སྣང་བར་བྱས་པ་ཞིག་ཏུ་འདོད་ཅིང་། མངོན་སུམ་དུ་སྣང་རྒྱུ་ལ་སྒྲ་རོ་དྲི་རེག་གཟུགས་སོགས་གང་དུའང་ཡོད་སྙམ།
ལྷ་ཆབ་སྦྱིན་པ།
        གཞན་པས་ཡིད་བརྙན་དེ་བཀྲལ་ནའང་རང་རེའི་སེམས་ཁམས་དང་མཛེས་དཔྱོད་ལ་མཐུན་མིན་དཔྱད་དགོས། མི་རིགས་གཞན་པས་བཤད་པ་དག་ཁ་ཅིག་ཏུ་འཛིན་པ་ལས་ཚད་མར་འཇོག་མི་རུང་བར་ཁས་ལོས་ལེན།
ལྷམ་ཀོག
        འདྲེས་ཚོར་ཟེར་ཡ་གསལ་བོ་ཞིག་མི་གོ་འང་སྒྲ་ལྟ་བུའི་མཚོན་བྱ་དྲི་དང་རོ་མཚོན་བྱེད་དུ་བཀོལ་ནས་མངོན་སུམ་དུ་སྣང་བར་བྱས་པ་ལྟ་བུར་གོ་ན་འགྲིག་གམ་སྙམ།
        སྤྱིར་ང་ཚོར་ནང་བསྟན་བཞིན་རྩོམ་རིག་དར་རྒྱས་བྱུང་མེད་པར་བསྟུན་ཐ་སྙད་དང་མིང་བརྡ་རྩོམ་ཐབས་གང་མིང་ཞིག་ཚུར་འདྲེན་དགོས་པ་འདྲ། དེའི་ཕྱིར་ཡིད་བརྙན་སོགས་ཀྱང་དེ་དང་འདྲའོ།།
རེ་རྐང་གླིང་།
        ཡིད་བརྙན་ལ་ནང་དོན་མི་འདྲ་བ་ཡིས་ལུང་ཚིག་མང་པོ་འབྱུང་ཀིན་རེད། ཡིན་ནའང་མང་པོ་ཞིག་གིས་རྒྱ་ནག་གི་ཡིད་བརྙན་བཀོད་སྟངས་ལ་དཔེ་བལྟ་སྲིད། དེ་ནི་ཕང་ཏིས་གསར་བཏོད་ཀྱི་རིག་པ་དེ་གཙོ་བོར་བཤད་ཀྱིན་འདུག ཡིན་ནའང་ད་ལམ་རང་བྱུང་གི་གཟུགས་དང་། དངོས་པའི་གཟུགས། མཚོན་ཐབས་ཀྱི་གཟུགས། ཡིད་ཀྱི་གཟུགས། བརྡ་དོན་གྱི་གཟུགས་སོགས་མང་པོ་བྱུང་ཡོད་པས། ཡིད་བརྙན་གྱི་ཁྱབ་ཁོངས་རྒྱའི་གཞུང་ལུགས་དག་ལས་བརྒལ་འདུག དེ་བས་ང་ཚོས་གླེང་ཀིན་པ་འདིའི་མཇུག་འབྲས་ཀྱང་རང་ངོས་ཀྱི་ཡིད་བརྙན་ཞིག་ཏུ་མི་འགྲོ་བའི་ངེས་པ་མེད་པར་སྙམ།
དཔའ་རྩེ།
        ཡིད་གཟུགས་དང་ཡིད་བརྙན་ཞེས་པའི་ཐ་སྙད་འདི་གཉིས(意象)ཞེས་པར་འགྱུར་གཉིས་བྱུང་བ་རེད། ང་ཚོས་(意象)ཅེས་པའི་སྒྱུ་རྩལ་མཚོན་ཐབས་ལ་རྒྱུས་ལོན་དང་བྱང་ཆ་བྱུང་ཞིང་དེའི་གོ་དོན་ཞིབ་མོ་རྟོགས། ལག་ལེན་གྱི་ཁྲོད་དུའང་གོ་འཛོལ་མེད་པ་ཞིག་བཀོལ་ཐུབ་ཚེ། མིང་དེ་གཉིས་ཀྱི་གང་བཏགས་ཀྱང་རུང་སྙམ། གཙོ་བོ་མིང་དུ་གདགས་དགོས་པ་དང་རྒྱུན་འབྱམས་སུ་གཏོང་དགོས་པ་དེ་རེད། མིང་བཏགས་ཤིང་རྒྱུན་འབྱམས་སུ་གཏོང་བ་གལ་ཆེ་ཡི་མ་གཏོགས། དེ་མི་འཚམ་འདི་མི་འོས་ཞེས་མིང་འདོགས་ཚུལ་གྱི་ཐད་རྩོད་པ་བྱེད་པ་མཁོ་ནི་མཁོ་ཡང་དོན་སྙིང་ཆེན་པོ་མེད་པར་སྙམ། གང་ལྟར་ཀྱང(意象)ཞེས་པ་དེ་ཡིད་ངོར་འཆར་རྒྱུ་ཡོད་པའི་གཟུགས་བརྙན་གྱི་རྣམ་པ་ཞིག་ཡིན་པ་ལས། དེ་ནི་འདིའོ་ཞེས་དངོས་པོ་རྡོག་རྡོག་ཞིག་ཁྱེར་ཡོང་རྒྱུ་ཡོད་པ་ནི་མ་རེད་སྙམ། སྙན་ངག་ལ་མཚོན་ན་ནི་དེ་ནི་གལ་འགངས་ཆེན་པོ་རེད་བསམ་བྱུང་།
ལྷ་ཆབ་སྦྱིན་པ།
        འདི་སེམས་བྱུང་གི་སྐོར་རེད་འདུག
དཔའ་རྩེ།
        ཕྱི་དྲོ་རྐང་གླིང་གིས་བཤད་པའི་མིག་ལམ་དུ་འཆར་བའི་མེ་ཏོག་གི་དྲི་བསུང་ལྟ་བུ་ནི་ཡིད་བརྙན་མ་རེད། ཚོར་བརྗེ་རེད། ཚོར་བརྗེ་ཅན་གྱི་མཚོན་ཐབས་རེད་འདོད། མིག་གི་མཐོང་བྱ་དེ་སྣ་ཡིས་སྣོམ་བྱར་བྱས་པ་རེད། རྒྱ་ཡིས་བཤད་ན(通感手法)ཟེར་བ་དེ་རེད། མཉམ་ཞོག 同感 ཞེས་པར་འབྲི་ནོར་ཐེབས་པ་མིན། རང་རེ་མཚོན་ན་རྣ་བའི་བུ་རམ། མིག་གི་བདུད་རྩི་། རྣ་བའི་ཚེར་མ་ལྟ་བུ་རེད། ཐོས་ཚོར་དང་མཐོང་ཚོར་ལྕེ་ཡིས་མྱོང་བྱ་ལྟར་དང་། ཡང་ཐོས་ཚོར་ལུས་ཀྱི་མྱོང་བྱ་ལྟར་བྲིས་ཡོད་པ་རེད།
རེ་རྐང་གླིང་།
        དེང་རབས་སྙན་ངག་གི་ཁྲོད་དུ་ཡིད་བརྙན་གྱི་གྲུབ་ལུགས་དེ་སྣ་ཚོགས་པ་ཞིག་ཏུ་བརྗོད་ཀྱིན་འདུག དེ་བས་ཡིད་བརྙན་གྱི་འགྱུར་བ་དེས་སྙན་ངག་གི་ཁོངས་དཀྱེལ་ནས་ཡོད་ལ། ཡིད་བརྙན་གྱི་གྲུབ་ཚུལ་དེས་སྙན་ངག་གི་ཉམས་སྐྱེད་ནས་ཡོད་པ་རེད། མ་ཡིན་དུས་ཧི་མའི་ལོ་རྒྱུས་སྙན་ངག་ཞར་བ་ཞིག་གིས་བརྩམས་པ་ཡིན་ན་སྙན་ངག་དེ་ལ་ཡིད་བརྙན་འབྱུང་མི་སྲིད་པ་ནང་བཞིན་རེད།
        དེ་བས་ནུབ་ཕྱོགས་སྔ་རབས་པའི་ལུགས་སུ་བྱུང་བའི་འདྲེས་ཚོར་སོགས་ད་ལམ་ཡིད་བརྙན་གྱི་ཁོངས་སུ་བསྡུས་ཆོག
དཔའ་རྩེ།
        ང་རང་གི་གོ་བ་ལོན་ཚོད་ལྟར་ན། ཡིད་གཟུགས་ནི་ཕྱི་རོལ་ཡུལ་གྱི་དངོས་གཟུགས(具象)དེར་རྩོམ་མཁན་གྱི་ཚོར་འདུ་ཞུགས་པར་བྱས་ཏེ་ཡིད་འགྱུར་མཚོན་པ་ཞིག་དང་། དངོས་གཟུགས་དེའི་སྟེང་ནའང་རྩོམ་མཁན་གྱི་ཚོར་འདུ་མཚོན་ཐུབ་པའམ་སྟོན་ཐུབ་པའི(能指)བྱེད་ནུས་ཤིག་གནས་ཡོད་དགོས། རྩོམ་མཁན་གྱི་བརྗོད་འདོད་དང་དངོས་གཟུགས་ཀྱི་གཞི་ན་གྲུབ་པའི་ཚོར་འདུ་སྟོན་ཐུབ་པའི(能指)ཆ་དེ་གཉིས་འོ་ཆུ་འདྲེས་པ་ལྟར་གཅིག་ཏུ་གྲུབ་ཚེ་ད་གཟོད་དངོས་གཟུགས་དེ་ཡིད་གཟུགས་སུ་གྱུར་པ་རེད། རྩོམ་མཁན་གྱི་ཚོར་འདུ་ཞུགས་མེད་ཚེ་དེ་ནི་སྣང་བརྙན་ཙམ་མོ་སྙམ།
རེ་རྐང་གླིང་།
        ཡུམ་ཆེན་མ་བདག་དང་བྲལ་བ་ནས/ངས་མགོ་བོ་བཀྱགས་ཏེ་བལྟ་བར་མི་བཟོད་པ་ནི/ མིག་ཆུ་ཆེན་པོ་དེ/ ཐུར་དུ་ཟེགས་ནས་འཇིག་རྟེན་རློན་ངེས་པར་སྐྲག་པས་ཡིན། 《ཚེས་བཅོ་ལྔའི་དུང་ཟླ》རྒྱའི་ལུགས་ལྟར་ན་འདིའི་ཁྲོད་ཀྱི་ཡིད་བརྙན་སྟོན་ཚུལ་ཅུང་ཁ་གསལ་བོ་རེད།
        ཡིད་ལ་འཆར་བ་དེ་སྙན་ངག་པས་ཡུམ་ཆེན་མ་དྲན་པའི་གདུང་བ་དེ་རེད་ལ། བརྙན་གྱི་ལས་ལ་བཅོ་ལྔའི་དུང་ཟླ་གཡར་བ་རེད།
        ཡིན་ནའང་དེང་རབས་སྙན་ངག་གི་ཁྲོད་དུ་རྐང་བ་རྗེས་མ་མིག་ཆུ་དང་འཇིག་རྟེན་གཉིས་ཀྱི་ཡིད་བྱུང་འགོད་སྟངས་དེ་གཙོ་བོ་འཛིན་ངེས་པས། གོང་གི་འགྲེལ་ཐབས་དང་གཅིག་མི་སྲིད།
འཆིང་གྲོལ།
        རྐང་གླིང་གི་དེ་ལྟར་ན་ཡིད་བརྙན་ཞེས་པ་གཟུགས་རྒྱན་དང་འདྲ་ཚུལ་གོང་དུ་བཤད་པར་ཡང་ཁག་མི་འདུག
གངས།
        རྐང་གླིང་གིས་གོང་དུ་དྲངས་པའི་སྙན་ངག་ལས་ཡིད་བརྙན་སྐོར་ལ་གཞུང་ལུགས་ཀྱི་རིག་པ་ལྟར་གསལ་འགྲེལ་བྱས་ན་གོ་བ་ཡག་པོ་ཆགས་ཐུབ། ཁོང་གིས་འོག་ཏུ་དྲངས་པ་དེ་ལ་གསལ་ཁ་ཆེན་པོ་འདུག དེ་མིན་འདོད་འདོད་ཅིག་དྲངས་ཡོང་བ་ལ་གོ་རྒྱུ་ཅང་མི་འདུག
རེ་རྐང་གླིང་།
        མ་རེད། རྒྱ་གཞུང་གི་འབྲེལ་ལུགས་དེ་རེད། ཁོ་ཚོས་གསལ་ཁ་འབྱེད་ཐབས་མེད་པར་གྱུར་ན་ད་དུང་སྔོན་ཆད་ཀྱི་ཡན་ལག་བརྒྱད་ལྡན་གྱི་རྩོམ་ཐབས་དག་ལས་ལུང་འདྲེན་ཀིན་རེད། ཡིན་ནའང་དོགས་པ་དེའི་རིགས་སྔོན་ཆད་རྒྱའི་སྙན་ངག་པ་ཞིས་ཀྲི་མའོ་ཡི་རིང་ནས་བཏོན་མྱོང་ཡོད་པས། ཡ་མཚར་མཚར་དུ་འཛིན་མི་རུང་།
ཞོགས་ལྗང་།
        ངས་བལྟས་ན་རྒན་དཔའ་རྩེའི་དེ་ལྟར་གོ་བ་བླངས་ན་མི་ཉོག་གི་མོད། རྐང་གླིང་དང་ཁོ་གཉིས་ཀྱི་དེ་ལ་དུས་ཀྱི་བར་ཁྱད་མི་འདུག་གམ་སྙམ། རྐང་གླིང་གིས་ད་སྐབས་ཤིག་ལ་གོ་བ་ཇི་ལྟར་ལེན་ཚུལ་གླེང་གིན་ཡོད་ན། རྒན་ལགས་ཀྱིས་སྔོན་མ་ཞིག་ལ་དེ་ལྟར་བཤད་ནི་རེད་ཅེས་ཟེར་བ་དང་མཚུངས། སུ་བདེན་གཙོ་བོ་མ་རེད་མོད། གཉིས་ཀས་བློ་སྒོ་མི་ཆུང་བ་ཕྱེས་པས་སྤྲོ་སོང་།
རེ་རྐང་གླིང་།
        རབ་རིབ་སྙན་ངག་མང་ཆེ་བ་ཡིད་བརྙན་འགོད་སྟངས་ལ་སྒེར་གྱི་སེམས་ངོ་ཞུགས་པ་ཡིས་ད་གཟོད་ཧ་མི་གོ་བར་གྱུར་བ་མ་གཏོགས། གོང་གི་རྒན་དཔའ་རྩེ་ལགས་ཀྱི་འགྲེལ་སྟངས་ལྟར་ན་གཙོ་བོ་ངེས་སྲོལ་ལ་སྦྱངས་པ་ཡིན་ན་སྙན་ངག་ཀུན་པོ་ཧ་གོ་ཐུབ་ཀྱིན་རེད་བསམ།
དཔའ་རྩེ།
        ཉམས་མྱོང་གི་སྟེང་ནས་བཤད་ཐུབ་ན་བཟང་གི ལྷག་པར་ཕང་ཏིས《ས་འོག་གི་ལྕགས་ལམ་ས་ཚིགས》(铁车站)ལྟ་བུ་དཔེ་མཚོན་རང་བཞིན་ལྡན་པའི་ཡིད་གཟུགས་བརྩམས་ཆོས་དང་འབྲེལ་ཏེ་འགྲེལ་ན་བཟང་སྙམ། དེ་ལས་ཀྱང་གལ་ཆེན་པོ་ནི་ཡིད་གཟུགས་དང་གཟུགས་རྒྱན་ལས་གཟུགས་སུ་བཀོད་ཐབས་གཉིས་ཀྱི་བར་ཁྱད་དེར་གསལ་ཁ་གསལ་བོ་བཏོད་རྒྱུ་དེ་མཁོ་སྙམ།
འཆིང་གྲོལ།
        དེ་ལྟར་ན་བདག་སླར་ཡང་འདི་ལྟར་དོགས་ཏེ། མཐར་གཏུགས་ན་ཡིད་བརྙན་ཟེར་བ་དེ་ཡང་རང་རེས་རྒྱུན་པར་མྱོང་ཚོར་ཟེར་ནས་བཤད་རྒྱུ་ཞིག་ཡོད་པ་དེ་ལས་འདས་མེད་པ་འདྲ་སྟེ། རང་གི་ལྟ་སྟངས་ཀྱིས་ཕྱི་རོལ་ཡུལ་ལ་བལྟས་ཚེ། ཡག་བཙོག་གམ་འཐད་མིན་གྱི་ཚོར་བ་རེ་འབྱུང་ཞིང་དེ་ལ་ཡིད་བརྙན་ཞེས་བཏགས་པས་སོ།། ང་ཚོས་རྒྱུན་དུ་སྙན་ངག་གིས་བྱིན་པའི་བློ་སྣ་ཚོགས་པ་ཞིག་ཡོད་པ་ཐམས་ཅད་ཚོར་བའི་ནང་དུ་བསྡུས་ནས་འཆད་ཚུལ་འདི་ཡང་ཅུང་འགྲིག་གི་མེད་པ་འདྲ། ང་ཚོའི་གཞུང་ལུགས་ཀྱི་ངོས་ནས་བཤད་ན་ཚོར་བ་ནི་ཤེས་པ་བྱེ་བྲག་ཅིག་གི་མིང་རེད།
རོང་བོ་གངས་དཀར།
        ཡིད་ལ་ཤར་བ་ཐམས་ཅད་ཡིད་བརྙན་ཡིན།
འཆིང་གྲོལ།
        ཡིད་བརྙན་ཞེས་པ་འདི་ཤིན་ཏུ་གལ་ཆེ། ཡིད་བརྙན་བཞེངས་ཚུལ་ལ་དབང་འབྱོར་ན་མང་བོ་ཞིག་ངང་གིས་འགྲུབ་སྙམ།
རེ་རྐང་གླིང་།
        མདོར་ན། བདག་གིས་བརྒྱ་བཤད་ཚིག་གི་རྩ་བ་ཡིད་བརྙན་སྟོན་པའི་སྙན་ཚིག་ལ་དགའ་བ་ནི་གནའ་སྲོལ་ཅན་ལ་དགའ་བ་དང་། ཡིད་བརྙན་མ་གཞི་ནས་སྙན་ངག་རང་སྟེང་གི་ཁམས་ཤིག་ལས་བྱེ་བྲག་ཏུ་དབྱེ་བ་དགར་རྒྱུ་མེད་པ་དེ་བཤད་འདོད་པ་ཡིན། ལོ་རྒྱུས་ཁྲོད་དུ་བྱུང་བའི་ཡིད་བརྙན་གྱི་གྲུབ་མཐའ་ཚང་མ་དབྱིན་ཇིའམ་རྒྱ་ནག ཨ་རི། ཉི་ཧོང་གང་ལ་མཚོན་ནའང་གྲུབ་མཐའ་ལྷག་མ་ཞིག་ལས་ཅི་ཡང་མིན་ལ། ལྷག་པར་དུ་རྒྱ་ནག་ནང་ཁུལ་དུ་མཚོན་ན་ཡིད་བརྙན་གྱི་གྲུབ་མཐའ་ཁོ་ནས་ཏུའུ་ཧྥུ་སོགས་འཛམ་གླིང་གིས་ངོ་ཤེས་པ་ཁོ་ན་རྒྱུ་མཚན་དུ་བཟུང་ནས་ས་སྤུར་གནམ་སྤུར་བྱེད་ཀྱིན་འདུག རང་རེའི་སྙན་ངག་ལ་དཔྱད་བརྗོད་སྤེལ་མཁན་དང་བགྲོ་གླེང་བྱ་མཁན་ཚོས་ཀྱང་སྐབས་གང་དུ་ཡང་ཡིད་བརྙན་ཏག་ཏག་བརྗོད་པ་འདིས། ནམ་ཞིག་དེང་རབས་ཀྱི་གཤིས་སུ་གྲུབ་པའི་ཡིད་བརྙན་གྱི་དཔེ་ཞིག་འདོན་ངེས་པའི་དངངས་སྐྲག་དེའི་ཕྱིར་དུ་སྨྲས་པ་ཡིན་ནོ།།
  • ལེ་ཚན་སྔོན་མ།:སྐད་ངག་སྒྱུ་རྩལ་ལས་གློག་བརྙན་འཕྲིན་ཟློས་གར་གྱི་སྐད་སྦྱོར་སྒྱུ་རྩལ་སྐོར་མདོར་ཙམ་གླེང་བ།
  • ལེ་ཚན་རྗེས་མ།:སྙན་ངག་མེ་ལོང་མའི་སྡོམ་ཚིག་མཁས་པའི་སྙིང་ནོར་བློ་གསལ་མགྲིན་པའི་རྒྱན་གཅིག་མུཀྟི་ཀའི་ཕྲེང་བ།
  • དོ་སྣང་ཆེ་བའི་རྩོམ།