བཀའ་གདམས་བུ་ཆོས་རྩོམ་པའི་དགོས་པར་དཔྱད་པ།

ཁྱུང་རྩེ་བཀྲ་ཤིས།        2013-12-18

《བཀའ་གདམས་བུ་ཆོས》ནི་ཇོ་བོ་བཀའ་གདམས་པ་ཆེན་པོའི་རིང་ལུགས་ཀྱི་ཟབ་ཆོས་ཁྱད་པར་བ《བཀའ་གདམས་གླེགས་བམ》ཞེས་ཕ་འབྲོམ་སྟོན་གྱིས་ཞུས་པ་དང་།བུ་ཁུ་རྔོག་གིས་ཞུས་པའི་གླེགས་བམ་པོད་གཉིས་ཡོད་པ་ལས་ཕྱི་མ་དེ་ཡིན་ཞིང་།བུ་ཁུ་སྟོན་བརྩོན་འགྲུས་གཡུང་དྲུང་དང་རྔོག་ལེགས་པའི་ཤེས་རབ་གཉིས་ཀྱིས་ཞུས་པ་བཞིན་རྒྱལ་བའི་བཀའ་ལས་ཡིག་འབྲུ་གཅིག་ཀྱང་མ་ལུས་པར་གདམས་ངག་ཏུ་གོ་བའི་བཀའ་གདམས་རིང་ལུགས་འཛིན་པ་དག་གི་མན་ངག་ཐམས་ཅད་ཀྱི་རྩ་བ་ལྟ་བུར་གྱུར་བའི《ཞུས་ལན་ནོར་ཕྲེང་》གི་འགྲེལ་བའི་ཚུལ་དུ་འབྲོམ་སྟོན་རྒྱལ་བའི་འབྱུང་གནས་ཀྱི་སྐྱེས་རབས་ལེའུ་ཉེར་གཉིས་བསྟན་ཡོད་པས།《བཀའ་གདམས་བུ་ཆོས》ལ་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ཀྱི་སྐྱེས་རབས་ཞེས་ཀྱང་བྱ་སྟེ།དེའི་གོང་བོད་ལ《མ་ཎི་བཀའ་འབུམ》དང་《བཀའ་ཐང་ཤེལ་བྲག་མ》སོགས་ཆོས་རྒྱལ་སྲོང་བཙན་སྒམ་པོ་དང་སློབ་དཔོན་པདྨ་འབྱུང་གནས་ཀྱི་སྐྱེས་རབས་སྟོན་པའི་བསྟན་བཅོས་འགའ་ཡོད་ཀྱང་།གཅིག་ནས་བརྩམས་ཆོས་དེ་དག་ཁྲོད་ཀྱི་སྐྱེས་རབས་མང་ཆེ་བ་ད་དུང་སྐྱེས་རབས་ཞེས་པའི་རྩོམ་སྲོལ་ངེས་ཅན་དུ་གྲུབ་མེད་པ་དང་།གཉིས་ནས་སྲོང་བཙན་ཉིད་སྔོན་འཇིག་རྟེན་དབང་ཕྱུག་ཅེས་པའི་སྐྱེ་བ་བཞེས་ཚུལ་ཀྱི་སྐྱེས་རབས་སོགས་ནི་སྐྱེས་རབས་ཡིན་ཀྱང་དེ་དག་གཏེར་མར་གྱུར་པས།གཏེར་ནས་བཏོན་ཏེ་མི་རྣམས་ཀྱི་མཐོང་ཐོས་སུ་གྱུར་འཕྱི་བར་མ་ཟད།ལྷད་ཀྱང་ཅུང་ཟད་འདྲེས་ཡོད་སྙམ་པས་མཁས་དབང་མང་པོས་དེ་འདྲའི་གདེང་འཇོག་མཐོན་པོ་མེད་པ།གསུམ་ནས་སློབ་དཔོན་པད་འབྱུང་ནི་བོད་རིགས་མ་ཡིན་པ་བཅས་རྒྱུ་མཚན་ཆེན་པོ་གསུམ་ལ་བརྟེན་ནས་འབྲོམ་སྟོན་པའི་སྐྱེས་རབས་འདི་ནི་བོད་མིའི་སྐྱེས་རབས་བོད་ཡིག་གིས་བརྩམས་ཤིང་།བོད་སྤྱི་ཚོགས་ཐོག་ཁྱབ་སྤེལ་བྱས་པ་ཆེས་སྔ་བའི་བོད་ཀྱི་སྐྱེས་རབས་བསྟན་བཅོས་ཐོག་མ་དེ་ཡིན་ཞིང་།བོད་པའི་སྤྱི་ཚོགས་དེ་རྒྱལ་ཁྲིམས་གསེར་གྱི་གཉའ་ཤིང་གཅིག་གིས་ཕྱི་ནང་ཐམས་ཅད་བདེ་བར་སྐྱོང་བའི་གཅིག་གྱུར་གྱི་རྒྱལ་པོའི་ལམ་ལུགས་ནས་ཆོས་ཀྱི་རིང་ལུགས་འཛིན་པའི་བླ་མས་ཡོད་ཚད་དབང་དུ་སྡུད་པའི་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་སུ་གོམ་སྟབས་བསྒྱུར་པ་མཚོན་བྱེད་ཀྱི་ཐོག་མའི་བརྩམས་ཆོས་སམ་དེར་བསྒྱུར་ཐབས་ཀྱི་བརྩམས་ཆོས་ཤིག་ཀྱང་ཡིན་ཞེས་བརྗོད་ཆོག་སྟེ།དེ་ཡང་དུས་རབས་རང་བཞིན་གྱི་དོན་སྙིང་ལྡན་པའི་སྐྱེས་རབས་བསྟན་བཅོས་འདི་ནི་སྤྱིར་བོད་ཆེན་པོའི་རྒྱལ་ཁབ་དེ་སིལ་བུར་ཐོར་ནས་ཚོ་ཁག་ཕན་ཚུན་འཐབ་ཅིང་བརྩད་པས་འབངས་རྣམས་སྡུག་གི་མེ་འོབས་སུ་ཚུད་པའི་དུས་དང་།བྱེ་བྲག་ཆོས་ལོག་སྣ་ཚོགས་དར་ནས་ཆ་ལུགས་སྤྱོད་ལམ་འཆལ་བར་སྤྱོད་ཅིང་།ཆོས་དོན་ཟབ་མོ་ཇི་བཞིན་མ་རྟོགས་པར་ལོག་པར་སྤྱོད་པས་འབངས་རྣམས་རྣམ་དག་ཆོས་ལ་སྐོམ་པ་ཆུ་འདོད་བཞིན་བྱུང་བ།སྒོས་སུ་རྣམ་དག་བསྟན་པའི་དབུ་ཟིན་ཀྱང་འབྲོམ་སྟོན་རྒྱལ་བའི་འབྱུང་གནས་ལ་དེ་འདྲའི་གུས་བརྩི་མེད་པའི་དུས་སྐབས་སུ་གྲུབ་པ་ཡིན་པས།སྐབས་དེའི་སྤྱི་ཚོགས་ཀྱི་གནས་བབ་དངོས་ལ་ཞིབ་དཔྱད་བྱས་ན།དེར་དགོས་པ་དགོངས་གཞི་འདི་འདྲ་ཡོད་པར་སྙམ་སྟེ།
 
གཅིགའཐབ་རྩོད་འཁྲུག་པ་མང་བའི་སྤྱི་ཚོགས་ལ་ཞི་བདེ་བརྟན་འཇགས་ཡོང་བ།
   ཡུམ་བརྟན་དང་འོད་སྲུང་གི་སྲིད་རྩོད་ཀྱིས་བོད་ཁམས་ཡོངས་སུ་འཁྲུག་ཅིང་།དེ་ལ་བརྟེན་པའི་འབངས་གྱེན་ལོག་གིས་རང་དབང་རང་བཙན་གྱི་རྗེ་དཔོན་ཚན་པ་མང་པོ་ཆགས་ནས་ཕན་ཚུན་བརྩད་པས“མི་ཡན་ལ་དགྲ་མེད།རྟ་ཡན་ལ་སྒྲོག་མེད།བ་ཡན་ལ་སྣ་མེད།སྟོད་མངའ་རིས་སྐོར་གསུམ་ནས་གསང་འཇལ།མཐའི་སྒོ་བཞི་ནས་དཔྱ་འབུལ།རོང་ཁ་བརྒྱད་ནས་སྐྱེས་རྫོང་།རྒོད་སྟོང་སྡེ་ཞེ་གཉིས་ཐུལ།ཡུ་མོ་སྡེ་བཅུ་གཉིས་ནི་ཉན།བལ་ཡུལ་ཏ་ལ།ཏི།ཀློང་ཡུལ་བྲག་ར།ལི་ཡུལ་འུ་ཐེན།རྒྱ་ཡུལ་སྟན་བཟང་ཡན་ཆད་མངའ་འོག་ཏུ་འདུས།…ལེགས་དགུ་མཁར་དུ་བརྩིགས།སྙན་དགུ་གཏམ་དུ་སྨྲ།དཔའ་མཛངས་ཀྱི་རུ་འབྱེད།མཁས་བཙུན་གྱི་གྲལ་མ་འཆོལ།མི་ཉི་མས་སློང(མི་ཉལ་མིས་སློང)།ཕྱུགས་ནམ་ཟླས་སྡུད།…རྗེའི་མངའ་ཐང་ནམ་མཁའི་མཐའ་དང་མཉམ།འབངས་ཀྱི་ཆབ་སྲིད་ཆུ་བོའི་གཞུང་དང་མཚུངས།བོད་རྗེ་འབངས་སྐྱིད་པའི་གཡུང་དྲུང་ཉི་མ་བཞིན་དུ་གྱུར”○1པའི་ཆོས་ལྡན་བོད་ཀྱི་རྒྱལ་ཁམས་ཆེན་མོ་དེ་སིལ་བུར་བཏང་ཞིང་།ལུང་བ་རེ་ལ་རྒྱལ་པོ་རེ་དང་།རྒྱལ་པོ་རེ་ལ་སྐུ་མཁར་རེའི་སྲིད་དབང་གིས་ཕྱི་རུ་སྲིད་དབང་ཕན་ཚུན་བར་དུ་འཐབ་རྩོད་དང་།ནང་དུ་རང་སོ་སོའི་དགོས་འདོད་ལྟར་ཁྲིམས་ལུགས་སྣ་ཚོགས་བཟོས་པས་རྒྱལ་ཁྲིམས་གསེར་གྱི་གཉའ་ཤིང་འདྲ་བ་ནི་ཆགཆོས་ཁྲིམས་དར་གྱི་མདུད་པ་འདྲ་བ་ནི་གྲོལ།མི་ཆོས་སོག་མའི་ཕོན་ཐག་འདྲ་བ་ནི་ཆད་ནས་བོད་འབངས་ཡོངས་ཀྱི་སྐྱིད་པའི་གཡུང་དྲུང་རིང་དུ་ཟད་ཅིང་སྡུག་པའི་ངུ་ངག་རེས་ལ་བབས་ཏེ།རྒྱ་ཆེ་ཞིང་ཡུན་རིང་བའི་དམག་འཁྲུག་གི་དུས་སྐབས་དེ་དག་ཏུ་མི་དམངས་མང་ཚོགས་ཀྱིས་འཛད་མེད་ཀྱི་ཁྲལ་རིགས་སྣ་ཚོགས་འཇལ་དགོས་ཤིང་།རང་ལུས་རང་ལ་མི་དབང་བར་དམག་ནང་དུ་ཞུགས་དགོས་པར་མ་ཟད།མི་འོས་པའི་མནར་གཅོད་གང་མང་མྱང་དགོས་པས།ཟས་ཀྱིས་ཕོ་བ་མི་འགྲང་ཞིང་།གོས་ཀྱིས་རྒྱབ་མི་ཁེབས་ལ།དམག་འཁྲུག་ལ་བརྟེན་པའི་ནད་ཡམས་དང་མུ་གེ་ཡང་བསྟུད་མར་བྱུང་བས།མི་ཁྱིམ་མང་པོ་མདོ་ཁམས་སོགས་ས་བཅུད་དང་ཐོན་འབབ་བཟང་བའི་ཡུལ་ཁམས་སུ་བྲོས་བྱོལ་བྱེད་པའམ།ཡང་ན་ས་ཆ་དེ་དག་ཏུ་ཁེ་བཟང་གཉེར་བར་ཕྱིན་པ་ཡིན།དེའི་ཤེས་བྱེད་ལ་ཆོས་འབྱུང་ལ་ལར་དབུས་གཙང་མི་བཅུ་ཡང་དང་པོར་རྙེད་པ་འཚོལ་དུ་ཕྱིན་པ་ལ་འདོད་དོན་མ་གྲུབ་པར་སྡུག་པས།མདོ་སྨད་དུ་ཆོས་ལ་སྦྱངས་ཤིང་སྡོམ་པ་བླངས་པར་བཤད་དེ།“རྙེད་འཚོལ་ལ་ཕྱིན་པ་འདོད་པ་བཞིན་མ་འགྲུབ་ནས་རྒྱ་སྲང་ལ་ལྷུང་བའི་ཚེ་འུ་ཅག་རྣམས་ཟང་ཟིང་གི་ཆེད་དུ་འདི་ལྟར་དཀའ་བ་སྤྱོད་པ་བས་འདི་ཕྱི་ཐམས་ཅད་དུ་བདེ་བའི་ཆོས་བྱའམ་ཞེས་མོལ་ནས་རབ་ཏུ་འབྱུང་བར་འཆམས།ཕྱག་རྟེན་མེད་ཅེས་གླེངས་པས་ཁོང་རང་ཆོས་རྒྱུས་ཆེ་བ་འགས་གྲོས་བཏོན་མེ་ཏོག་མང་དུ་འཐུས་ནས་བླ་མ་འབྱོན་པའི་མདུན་དུ་མེ་ཏོག་གཏོར།ཕྱག་གུས་པར་བྱས”○2ཞེས་པ་ལྟར་དབུས་གཙང་མི་བཅུ་ཡང་སྐབས་དེར་འབྱོར་བ་ཡོང་སྒོ་ཅུང་བཟང་བའི་མདོ་སྨད་དུ་ཕེབས་ནས་རྙེད་པ་དོན་དུ་གཉེར་ནའང་མཁན་པོར་དབུལ་རྒྱུའི་ནོམ་པ་ཡང་མེད་པས་མེ་ཏོག་གཏོར་བ་ཡིན།
དེ་ལྟར་སྐབས་དེའི་བོད་ཀྱི་རྒྱལ་ཁམས་ནི་སིལ་འཐོར་དང་།སྤྱི་ཚོགས་ནི་ཟང་ཟིང་།ལུགས་སྲོལ་ནི་འཆལ་བར་སྤྱོད་པས་རྗེ་དཔོན་རྣམས་ནི་བླ་ན་སྟག་ལྟར་འགྱིང་ཞིང་སྨྱོ།འབངས་རྣམས་ནི་འོག་ན་རི་དྭགས་རྨས་མ་བཞིན་དུབ་ཅིང་སྡུག་དྲགས་པས།དཀོན་མཆོག་གསུམ་ལ་སྙིང་ཐག་པ་ནས་སྐྱབས་སུ་འགྲོ་ཞིང་།མི་དགེ་བཅུ་སྤོང་དང་དགེ་བཅུ་ལག་ལེན་གྱིས་གཞན་དོན་སྒྲུབ་པ་ལ་བརྩོན་ན།དེའི་འབྲས་བུ་ཆུད་མི་ཟ་བར་སྔོན་གྱི་སྐྱེས་རབས་དུ་མར་འབད་པ་བྱས་པས་སྐྱེ་པ་ད་ཐེངས་ལ་ལྔ་བརྒྱའི་གཙུག་རྒྱན་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ཁོང་རང་གི་བསྟན་པའི་བདག་པོ་གཅིག་པུར་གྱུར་པའི་འབྲོམ་སྟོན་རྒྱལ་བའི་འབྱུང་གནས་ལ་ཇི་ལྟར་འགྱུར་པ་བཞིན།རང་གཞན་དོན་གཉིས་ལྷུན་གྱིས་འགྲུབ་པ་སོགས་གཞུང་ཚིག་སྐམ་པོ་ཙམ་མིན་པར་འབྲོམ་གྱི་སྐྱེས་རབས་སྔ་མ་དག་གིས་ཇི་ལྟར་བསྒྲུབས་ཚུལ་གྱི་དམར་དཔེ་ཡིས་བསྟན་ཡོད་དེ།སྐྱེ་བ་སྔ་ཕྱི་ཡོད་ཅིང་།ལས་འབྲས་དང་དཀོན་མཆོག་ལ་བསླུ་བ་མེད་པ་སོགས་ཟབ་མོ་ཆོས་ཀྱི་གནས་ལུགས་ཟབ་མོ་མང་དུ་བསྟན་ཏེ་མཐོ་རྒྱལ་བློན་ནས་དམའ་འབངས་མི་སེར་བར་དུ་དེ་དོན་གཅེས་སྤྲས་ཀྱིས་འཐབ་རྩོད་འཁྲུག་པ་ཞི་ཞིང་།དུས་བདེ་ཞོད་འཇགས་དང་ཁྱོད་དགའ་ང་སྐྱིད་ཀྱི་དུས་སྟོན་གསར་པ་ཞིག་ཤར་བར་བྱ་རྒྱུ་ནི་སྐྱེས་རབས་བསྟན་བཅོས་འདི་རྩོམ་པའི་དགོས་པ་དང་པོ་རེད་སྙམ།

གཉིས།ཚུལ་མིན་ལོག་པར་སྤྱོད་པའི་ཆོས་ལུགས་ལ་དག་ཐེར་ཡོང་བ།
    སིལ་ཐོར་གྱི་སྐབས་དེ་དག་ཏུ་མཐོ་རིམ་རྒྱལ་བློན་དང་བཅས་པའི་སྲིད་འཛིན་པ་རྣམས་ལ་ཆོས་ལ་བརྟེན་ནས་རང་རང་གི་མངའ་ཁོངས་བརྟན་སྲུང་དང་ཆབ་འབངས་བདེར་འགོད་ཀྱི་དགོས་མཁོ་བྱུང་བ་དང་།དམའ་རིམ་མང་ཚོགས་ནི་དུས་འཁྲུག་སྡེ་གཟར་དང་ནད་རིམས་མུ་གེ་སོགས་ཀྱིས་ཡང་ཡང་གཙེས་པས་སྡུག་བསྔལ་དེ་ལས་ཐར་དུ་རེ་བས་ཆོས་ལ་བློ་ཁ་ཕྱོགས་པ་ཡིན་ཏེ།བོད་མི་དྲག་ཞན་ཐམས་ཅད་ཆོས་ལ་སྐོམ་པ་ཆུ་འདོད་བཞིན་བྱུང་བས།དབུས་ཀྱི་ཀླུ་མེས་ཚུལ་ཁྲིམས་ཤེས་རབ།སུམ་པ་ཡེ་ཤེས་བློ་གྲོས།འབྲིང་ཡེ་ཤེས་ཡོན་ཏན།རག་ཤི་ཚུལ་ཁྲིམས་འབྱུང་གནས།རྦ་ཚུལ་ཁྲིམས་བློ་གྲོས།གཙང་གི་ལོ་སྟོན་རྡོ་རྗེ་དབང་ཕྱུགཚོང་བཙུན་ཤེས་རབ་སེང་གེབོ་དོང་བ་ཨུ་དཀར་དེ་ཝ།མངའ་རིས་པ་འོད་བརྒྱད་སྤུན་གཉིས་ཏེ་དབུས་གཙང་མི་བཅུ་དང་།གཞན་ཡང་འ་ཡེ་ཤེས་གཡུང་དྲུང་དང་འབྲེ་གཞོན་ཚུལ་ཏེ།འ་འབྲེ་གཉིས་དང་བཅས་བཅུ་གཉིས་ཀྱིས་སྤེལ་བའི་སྨད་འདུལ་གྱི་བསྟན་པ་དེ་མྱུར་བ་མྱུར་བར་བོད་ཡུལ་དབུས་སུ་རྩ་བ་ཚུགས་པར་གྱུར་ནའང་།གཅིག་གྱུར་གྱི་རྒྱལ་པོའི་སྲིད་ཁྲིམས་ཉམས་པ་དང་།བསྟན་པ་རྣམ་དག་ཉམས་ནས་ཡུན་རིང་སོང་བ།འབངས་རྣམས་ཆོས་ལ་དུང་དྲགས་པ་བཅས་ཀྱི་དབང་གིས་ཆོས་པའི་ཚུལ་དང་མི་མཐུན་པའི་འཆལ་བར་སྤྱོད་མཁན་དང་།ལོག་པར་སྤྱོད་པའི་ཆོས་ཀྱང་མང་དུ་བྱུང་སྟེ།
༡“ཨ་ཙ་ར་དམར་པོ་ཞེས་པས་གསང་སྔགས་ཐིག་ལེའི་སྐོར་བསྒྱུར་ནས་རབ་ཏུ་བྱུང་བ་ཡང་ཕལ་ཆེར་སེར་ཁྱིམ་ལ་བཀོད”○3ཅེས་ལྷ་བླ་མ་བྱང་ཆུབ་འོད་ཀྱིས་ནག་ཚོ་ལོ་ཙཱ་བ་ཇོ་བོ་རྗེ་གདན་འདྲེན་དུ་གཏོང་སྐབས་གསུངས་པ་ལྟར་སྐབས་དེར་རབ་བྱུང་བ་གང་མང་གིས་ཀྱང་གསང་བ་སྔགས་ཀྱི་ཉམས་ལེན་ཟབ་མོ་རྣམས་རབ་ཏུ་བྱུང་བའི་རང་ཉིད་ལ་རུང་མི་རུང་མ་ཤེས་པའམ་མ་དཔྱད་པར་ཉམས་སུ་བླངས་ཤིང་བུད་མེད་བསྟེན་པས་སེར་མོ་བའི་ཁྱིམ་ཚང་ཆགས་པར་གྱུར་ཡོད་པ་མ་ཟད།“སེ་བཙུན་ལ་མིས་ཕུལ་བའི་རྟ་ཕྱུགས་མང་པོ།ཐ་ན་ཕག་པ་ཚུན་ཆད་ཡོད་པས་ཉིན་མོ་དེ་རྣམས་ཀྱི་རྫི་བོ་མཛད།ནུབ་མོ་རྟ་བཟང་ཤོས་ཅིག་ལ་ཞོན།འཁོར་གསུམ་གྲ་མ་འདྲ་བ་ཅིག་བྱས་ནས་མེལ་ཚེ་བྱས།”○4ཞེས་འབྲོམ་སྟོན་པས་ཁམས་སུ་སེ་བཙུན་བསྟེན་ཚུལ་དུ་གསལ་བ་ལྟར་སེ་བཙུན་ལྟ་བུའི་བླ་མ་རྣམས་ལ་བོད་འབངས་རྣམས་ཀྱིས་རང་ལ་ཅི་འཛོམ་གྱིས་རྒྱུ་དངོས་གང་མང་འབུལ་བཞིན་ཡོད་པར།སེ་བཙུན་ལྟ་བུའི་བླ་མ་དག་གིས་བོད་འབངས་རྣམས་ཀྱིས་ཕུལ་བའི་རྒྱུ་དངོས་སོགས་རབ་ཏུ་བྱུང་བའི་རང་ཉིད་ལ་འོས་མི་འོས་པར་མ་བསམ་པར་ཐམས་ཅད་བདག་ཏུ་བཟུང་ནས་སྡོམ་ཁྲིམས་འཆལ་བར་གྱུར་བ་འདིའི་ཞོར་ལ་ཤེས་ཐུབ་ཅིང་།འབྲོམ་སྟོན་རྟེན་དགེ་བསྙེན་ཡིན་མོད་འབྲོམ་སྟོན་ལྟར་བླ་མའི་ཞབས་ཏོག་གི་ཆེད་དཔའ་བོ་དམག་གི་ཆས་སྤྲས་ནས་རྫི་བོ་མཛད་པའམ་སྲུང་བ་མཛད་མཁན་ནི་དགེ་བསྙེན་པ་གཅིག་པུ་ག་ལ་ཡིན་ཏེ་དགེ་སློང་གི་རྟེན་ཅན་ཡང་གང་མང་ཡོད་པ་ཞོར་ལ་དཔག་ནུས།གཞན་ཡང“བོད་སྟོན་རྣམས་ཚག་ཞུ་བེར་ཆེན་གྱོན་རྟ་ལ་ཆིབས་ནས་བྱོན་པས།ཇོ་བོའི་ཞལ་ནས།མི་མ་ཡིན་མང་པོ་བྱུང་གསུངས་ནས་དབུ་ན་བཟས་རིལ་གྱིས་གཡོགས་སྐད།དེ་ནས་བོད་ཀྱི་མི་ཆེན་རྣམས་ཀྱིས་ཆོས་གོས་གྱོན།སེར་འཕྲེང་མཛད་ཕྱག་རྟེན་ཕུལ་བས་ཇོ་བོ་དགེས་ནས་ཕྱག་མང་པོ་མཛད།……རྒྱ་གར་གྱི་རབ་ཏུ་བྱུང་བ་བས།བོད་ཀྱི་རབ་ཏུ་བྱུང་བ་ན་བཟའ་བཟང་བར་འདུག་གསུང་།”○5 ཞེས་དབུས་གཙང་གི་བོད་སྟོན་རྣམས་འབྲོམ་གྱི་སྤྲིངས་ཡིག་ལྟར་ཇོ་བོའི་བསུ་མར་བྱུང་སྐབས་གསལ་བ་བཞིན་བོད་ཀྱི་རབ་བྱུང་ཆེ་རྒུ་དག་གིས་ཀྱང་ཆོས་གོས་མི་གྱོན་པར་མི་ཆེན་དག་གི་ཆ་ལུགས་སྤྱོད་ལམ་བསྟེན་བཞིན་ཡོད་ཚུལ་དང་།རབ་ཏུ་བྱུང་བའི་ཆོས་གོས་ཀྱང་རྒྱ་གར་ལས་བཟང་བར་ཡོད་ཚུལ་གསུངས་འདུག
༢“སྔགས་པ་འགའ་ཞིག་གིས་རྒྱུད་ཚིག་བློ་ལ་ཡོད་པ་རྣམས་ཡི་གེར་བྲིས་པར།བར་སྐབས་ཀྱི་ཚིག་བརྗེད་ནས་མ་ཐོན་པ་རྣམས་ལ་བློ་བཟོའི་ལྷད་བཅུགབརྡ་ཆད་གང་བྱུང་སྦྱར།ཡང་ལ་ལས་རྒྱུད་ཀྱི་མིང་བཏགས་པའི་རྟོག་བཟོའི་ཡི་གེ་གྲོང་ཚིག་འབའ་ཞིག་གིས་གང་འདོད་དུ་བྲིས།སྔགས་པ་འགའ་ཞིག་གིས་རང་གི་ཆུང་མ་ལ་དེ་རིང་ཆང་ཞིམ་པོ་ཞིག་བཟོས་དང་།ངས་དེ་རིང་རྒྱུད་པོ་ཏི་ལོངས་པ་ཞིག་རྩོམ་པ་ཡིན་ཟེར་བའང་བྱུང་།རྒྱ་གར་ནས་ཨ་ཙརྱ་དམར་པོ་ཞེས་བྱ་བ་དང་།པཎྚིཏ་ཤམ་ཐབས་སྔོན་པོ་ཅན་བྱ་བ་སོགས་འགའ་ཞིག་བྱུང་ནས་བུད་མེད་སྤྱོད་པ་ལ་སྦྱོར་བ་དང་།དགྲ་ལ་སོགས་པའི་སེམས་ཅན་གསོད་པ་ལ་སྒྲོལ་བ་ཞེས་སྦྱོར་སྒྲོལ་དུ་གྲགས་པའི་ཆོས་ལོག་དང་།གཞན་ཡང་གསང་སྔགས་ལ་བསྙད་བཏགས་པའི་རྩིང་སྤྱོད་མང་པོ་ཞིག་དར་བར་བྱས།དེ་དག་གི་དབང་གིས་ལྟ་སྤྱོད་རྣམ་དག་འཛིན་པ་ཉུང་ཞིང་ཆོས་ལོག་སྤྱོད་པ་མང་དུ་གྱུར།”○6ཞེས་དང་།“དུས་ཕྱིས་འདུལ་བ་འཛིན་པ་དང་དུས་མཚུངས་ཙམ་ན།ཕྱག་རྒྱ་ཆེན་པོ་བ་སྐད་ཟེར་བ་བྱུང་སྟེ།སྡེ་སྣོད་གསུམ་ལས་མ་བཤད་དོ་བྱས་ན།ཕ་རོལ་དུ་ཕྱིན་པ་ལ་སོགས་པ་ནས་ལུང་འདྲེན་མང་པོ་བྱེད་པར་སྣང་།སྡེ་སྣོད་གསུམ་དང་དོན་མ་མཐུན་ནོ་བྱས་ན།མཁའ་འགྲོ་མའི་ཁྱད་ཆོས་ཡིན།སྔོན་ཆད་རྒྱ་གར་ན་ཡང་མེད།འདས་མ་འོངས་ཀྱི་སངས་རྒྱས་ཀྱིས་ཀྱང་མ་གསུང་བ་ཡིན་ཟེར་བ་འདུག”○7ཅེས་གསུངས་པ་ལྟར་གསང་སྔགས་ཟབ་མོ་ལས་བསྟན་ཤག་གི་སྦྱོར་སྒྲོལ་དང་།མཆོད་སྒྲུབ།བམ་སྒྲུབ།སྨན་སྒྲུབ་སོགས་དང་།དེ་བཞིན་རྫོགས་ཆེན་དུ་མིང་བཏགས་པའི་ཆོས་ལོག་ཀྱང་དར་བས་མངའ་རིས་རྒྱལ་པོ་ལྷ་བླ་མ་ཡེ་ཤེས་འོད་སྐབས་དེའི་གསང་བ་སྔགས་ཀྱི་ཉམས་ལེན་དང་།ལྷག་པར་སྔགས་བླ་མེད་ཀྱི་རྒྱུད་ལ་དོགས་པ་སྐྱེས་ནས“ད་ལྟ་ལས་ཟད་རྒྱལ་པོའི་ཁྲིམས་ཉམས་པས༎རྫོགས་ཆེན་མིང་བཏགས་ཆོས་ལོག་བོད་དུ་དར༎ལྟ་བ་ཕྱིན་ཅི་ལོག་གི་སར་ཐོགས་པ༎ཆོས་པར་མིང་བཏགས་སྔགས་ལོག་བོད་དུ་དར༎དེ་ཡིས་རྒྱལ་ཁམས་ཕུང་སྟེ་འདི་ལྟར་གྱུར།།སྒྲོལ་བ་དར་བས་ར་ལུག་ཉལ་ཐག་བཅད༎སྦྱོར་བ་དར་བས་མི་རིགས་འཆོལ་བ་འདྲེས༎སྨན་སྒྲུབ་དར་བས་ནད་པའི་གསོ་རྐྱེན་ཆད༎བམ་སྒྲུབ་དར་བས་དུར་སའི་མཆོད་པ་སྟོང་༎མཆོད་སྒྲུབ་དར་བས་མི་ལ་གསོན་སྒྲོལ་བྱུང་༎སྲིན་པོ་ཤ་ཟ་མཆོད་པས་མི་ནད་ཕྱུགས་ནད་བྱུང་༎མེ་བསུར་དུད་པ་བཏང་བས་ཡུལ་གྱི་ལྷ་ཀླུ་འཕངས༎”○8ཞེས་སྔགས་ལོག་སུན་འབྱིན་གྱི་བཀའ་ཤོག་སྤྲིངས་པ་དང་།རིན་ཆེན་བཟང་བོ་སོགས་བུ་ཕྲུག་བློ་རྣོ་བ་ཉེར་གཅིག་རྒྱ་གར་དུ་སློབ་གཉེར་ལ་མངགས་ནས་ཆོས་ལོག་སུན་འབྱིན་བྱེད་པར་རེ་བ་ཡིན་ལ།ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་གྲགས་པ་རྒྱལ་མཚན་གྱིས“དབུས་གཙང་གི་ས་ཆར་ཡང་མདོ་སྔགས་ཀྱི་བསྟན་པ་བྱུང་མོད་ཀྱིས།འོན་ཀྱང་ཆོམ་པོ་ཕལ་ཆེར་རྒྱལ་པོའི་མགོ་གནོན་དང་བྲལ་བས་འཐབ་རྩོད་ལ་དགའ་ཞིང་།དེའི་རིགས་ལས་བྱུང་བའི་སྔགས་པ་མང་པོས་དགྲའི་ཕྱོགས་ལ་མངོན་སྤྱོད་ཀྱི་ལས་བྱས་པས་སྐྱེ་བོ་མང་པོ་ཕུང་བར་གྱུར་པ་དང་།སྔགས་ཀྱི་གསང་བའི་སྤྱོད་པ་ལས་ཉམས་ཏེ།གསང་བའི་གནས་རྣམས་འཆོལ་བར་སྟོན་ཞིང་།སྦྱོར་སྒྲོལ་སོགས་སྔགས་ལ་བསྙད་པའི་གཙིགས་ཆོས་སྣ་ཚོགས་དང་།ཆོ་ག་རྣམས་ཀྱང་མ་ཚང་ཞིང་འཁྲུལ་བ་མང་དུ་བྱུང་བ་དང་།གཞན་ཡང་བམ་སྒྲུབ་སོགས་ལོག་ཆོས་སྣ་ཚོགས་དར།”○9ཞེས་གསུངས་པ་བཞིན་སྐབས་དེར་དེ་འདྲའི་སྣང་ཚུལ་བྱུང་བས།འབྲོམ་སྟོན་སོགས་ཀྱིས་ཇོ་བོ་རྗེར་ཡང་བོད་དུ་གསང་སྔགས་ཀྱི་གདམས་པ་ཟབ་མོ་དག་སྣོད་ལྡན་ཉུང་ཤས་ལ་ཧ་ཅང་གསང་བའི་སྒོ་ནས་སྟོན་པ་ཙམ་ལས་རྒྱ་ཆེར་དར་སྤེལ་བྱེད་པ་བཀག་འགོག་བྱ་དགོས་བྱུང་བ་དང་།རྗེ་བཙུན་མི་ལས་ཇོ་བོ་རྗེར་བོད་དུ་གསང་སྔགས་གསུང་དུ་མ་བཅུག་པ་ལ་དྭགས་པོ་ལྷ་རྗེར་མཇལ་སྐབས་བཀའ་བཀྱོན་ཡང་གནང་དགོས་བྱུང་བ་རེད།
༣ཆོས་པ་དང་ཆོས་དད་མང་ཚོགས་ནང་འགའ་ཞིག་གིས་སྔགས་ལ་མོས་པའི་བློས་འདུལ་བ་ཁྱད་དུ་གསོད་པ་དང་།ཡང་འགའ་ཞིག་གིས་འདུལ་བ་ལ་མོས་པའི་བློས་སྔགས་ཁྱད་དུ་གསོད་པར་མ་ཟད།རྒྱ་ནག་གི་ཅིག་ཅར་བའི་ལྟ་བ་བོད་དུ་ཡང་བསྐྱར་དར་བས་སྔར་བཞིན་ལུས་ངག་གི་སྤྱོད་པའི་དགེ་བ་སྤྱོད་མཁན་ཇེ་ཉུང་དུ་ཕྱིན་ནས་མདོ་སྔགས་ཡ་བྲལ་ལམ།ལྟ་སྤྱོད་ཡ་བྲལ།ཐབས་ཤེས་ཡ་བྲལ་གྱིས་བསྟན་པ་དྲི་མ་ཅན་དུ་གྱུར་སྙམ་སྟེ།ལྷ་བླ་མ་ཡེ་ཤེས་འོད་ཀྱིས་ཀྱང་སྔགས་དང་ཕར་ཕྱིན་གཉིས་འགལ་བར་གཟིགས་ནས་འདུལ་བ་ལ་བརྟེན་ནས་སྔགས་འཆའ་འམ།སྔགས་ལ་བརྟེན་ནས་འདུལ་བ་འཆའ།དེ་གཉིས་ལས་གཅིག་བདེན་ན་གཅིག་མི་བདེན།ཡང་ན་ཚིག་ལ་འགལ་ཡང་དོན་ལ་མི་འགལ་སྙམ་དུ་དོགས་པ་སྐྱེས་པ་ཡིན་ཞིང་།“རྒྱ་ནག་ལུགས་ཀྱི་རྫོགས་པ་ཆེན་པོའི་ལུགས་འཛིན་པ་འགའ་ཞིག་གིས།སྟོང་པ་ཉིད་གཅིག་པུ་བསྒོམས་པས་དྲི་མ་མཐའ་དག་དང་བྲལ་བའི་ཆོས་ཀྱི་སྐུ་ཐོབ་ལ།དེ་ཐོབ་ན་གཟུགས་ཀྱི་སྐུ་ཤུགས་ལ་འབྱུང་བས།སྦྱིན་པ་ལ་སོགས་པའི་ཐབས་མང་པོ་ལ་སློབ་པ་ནི་ཚོགས(ཚེགས)ཆེའོ་ཟེར་བ་དག་ཀྱང་བྱུང་ཞིང་།ཧ་ཤང་གི་ལྟ་བ་ཞེས་མིང་ལ་སྐྱོན་དུ་ལྟ་ཡང་།དོན་ལ་མཆོག་ཏུ་འཛིན་པ་དང་།ལྟ་སྤྱོད་ཡ་བྲལ་གྱི་སངས་རྒྱས་ཐོབ་པར་འདོད་པ”○10བྱུང་བས།ཇོ་བོ་རྗེ་མངའ་རིས་སུ་ཕེབས་དུས་ལྷ་བླ་མ་བྱང་ཆུབ་འོད་ཀྱིས་སངས་རྒྱས་ཀྱི་བསྟན་པ་ལ་རིམ་གྱིས་འཇུག་གམ།ཅིག་ཅར་དུ་འཇུག་ཅེས་ཞུས་པ་དང་།གཙང་དུ་ཕེབས་དུས་འགར་དགེ་བ་དང་།ཁུ་རྔོག་སོགས་བོད་སྟོན་དྲུག་གིས་ཀྱང་ཐབས་ཤེས་ཡ་བྲལ་གྱིས་འཚང་རྒྱའམ་མི་རྒྱ་ཞེས་དྲིས་པ་རེད།
༤སྔགས་ལ་མོས་པའི་བློས་འདུལ་བ་ཁྱད་དུ་གསོད་པ་དང་།འདུལ་བ་ལ་མོས་པའི་བློས་སྔགས་ཁྱད་དུ་གསོད་པའི་འགལ་བ་ཆེ་རུ་ཕྱིན་པས་སྔགས་པ་དང་བཙུན་པའི་བར་འཐབ་རྩོད་ཀྱང་ཤོར་བ་ཡིན་ཏེ།“ཁྱུང་པོ་སེང་གེ་རྒྱལ་མཚན་དང་།སྦས་རྒྱལ་བ་བློ་གྲོས་དང་།ངན་ལམ་རྒྱལ་བའི་དབང་བོ་དང་།སྔགས་པ་གསུམ་གྱིས་བཙུན་པ་འགའ་དང་།འགྲོགས་ནས་འོངས་པས།གོང་དུ་སྡེ་སྔགས་ཕྱག་མཉམ་དུ་བརྗེ་བ་ལ།ལོ་བཙུན་རྦ་བཙུན་གཉིས་ཀྱིས་ཕྱག་ཐབས་ཀྱི་ཕྲོགས་པས།སྔགས་པ་གསུམ་སྙིང་མ་དགའ་སྟེ་མཐུ་བྱས་ནས།ལོ་བཙུན་ལ་ནུབ་གཅིག་ལ་ཐོག་གསུམ་བསྟུད་ནས་བཏང་བས།ཁོས་གསུང་རབ་ཀྱི་འོག་ཏུ་ཉལ་བས་མ་ཤི་སྟེ།དེར་མ་ཚུགས་པར་སྟོད་མངའ་རིས་སུ་བྲོས་པའི་དུས་སུ་དཔལ་མོ་དཔལ་ཐང་ལ།འཇིག་རྟེན་གྱི་མཁའ་འགྲོ་མ་རྡོ་རྗེ་རབ་བརྟན་དང་འཕྲད་དོ།ངས་མགོན་བྱ་ཡི་ཟེར་སྐྱབས་ནས།མཁན་བུ་བསྐྱངས་པས་གཙང་གི་ལོ་ཚོ་བྱུང་།རྦ་བཙུན་གྱི་གྲོགས་ཀླུ་མེས་ཀྱིས་བྱས་ཏེ།དབུས་སུ་སྡེ་སྔགས་ཀྱི་འཁྲུགས་པ་བྱས་པས།སྔགས་པས་མ་ཐུབ་ནས།གཏད་བྱས་པས།རྦ་བཙུན་དང་ཀླུ་མེས་གཉིས་མཛེས་ཁྱེར་སྐད།”○11ཅེས་བསྟན་པའི་མེ་རོ་མདོ་ཁམས་སྨད་ནས་གསོ་མཁན་གྱི་དབུས་གཙང་མི་བཅུའི་ནང་ཚན་རྦ་ཚུལ་ཁྲིམས་བློ་གྲོས་དང་ལོ་སྟོན་རྡོ་རྗེ་དབང་ཕྱུགཀླུ་མེས་ཚུལ་ཁྲིམས་ཤེས་རབ་བཅས་དང་སྔགས་པའི་བར་དུ་ཡང་འཐབ་རྩོད་བྱུང་ཚུལ་གསལ་འདུག
༥བཙུན་པ་རང་གི་ནང་ཁུལ་དུ་ཡང་མཆོད་གཞིས་འཕྲོག་རྩོད་སོགས་སྒེར་གྱི་ཁེ་ཕན་གཉེར་ཆེད་མི་མཐུན་པ་མང་དུ་བྱུང་ནས་ཛ་དྲག་ཆེ་དུས་ཕན་ཚུན་འཁྲུག་པའང་ཤོར་འདུག་སྟེ།“དབུས་གཙང་མི་དྲུག་གི་རྒྱུད་པ།དགེ་བའི་བཤེས་གཉེན་ཐུགས་དགོངས་བཟང་པོ་ཅན་གཤེགས་ཤུལ་དུ།གང་ཟག་ཐ་ཤལ་དཔོན་དང་གནས་བརྟན་པ་སྐད་ཟེར་ནས།ཡོན་བདག་བསྐོར་རེའི་བདག་བྱས་ཏེ།འཁྲུག་དཔོན་བྱེད་ཅིང་།བརྡུང་འཕྲོག་གསོད་གསུམ་ལ་ཐེ་བར་བྱེད”○12ཅེས་གསུངས་པ་བཞིན།ཀླུ་མེས་སོགས་སྐུ་གཤེགས་པའི་རྗེས་དང་ཇོ་བོ་རྗེ་བོད་དུ་ཕེབས་པའི་དུས་སྐབས་ཙམ་ལ་དབུས་གཙང་མི་བཅུའི་སློབ་བརྒྱུད་འགས་རང་རང་གི་མཆོད་གཞིས་སམ་སྡེ་ཚོའི་ཁེ་ཕན་དང་ལ་རྒྱ་སོགས་རྒྱུ་རྐྱེན་གང་རུང་ལ་བརྟེན་ནས་རང་སོ་སོའི་ཡོན་བདག་དག་རྒྱབ་རྟེན་དུ་བྱེད་པའམ་དེ་དག་རང་གི་འཁོར་དུ་འདུས་པར་བྱས་ཏེ་ཕན་ཚུན་རྩོད་གླེང་དང་འཁྲུག་རྩོད་བྱེད་བཞིན་འདུག་པར་བསམ།དེ་ལྟ་མིན་ན་དྭགས་པོ་ལྷ་རྗེའི་སློབ་མ་དྭགས་སྒོམ་ཚུལ་ཁྲིམས་སྙིང་བོས་བར་འདུམ་བྱས་པའི་རྦ་འབྲིང་གི་འཁྲུག་པ་དེ་ཡང་རྒྱུ་རྐྱེན་ཅི་ཡང་མེད་པར་དུས་ཡུན་ཐུང་ཐུང་ནང་གློ་བུར་དུ་འབྱུང་མི་སྲིད་ཅིང་།རྦ་འབྲིང་གི་འཁྲུག་པས་ལྷ་སའི་ཕྱོགས་ཀྱི་གཙུག་ལག་ཁང་མང་པོའང་ཞིག་སྟེ།རང་ཉིད་བསྟན་པའི་ཁུར་འཛིན་ཡིན་བཞིན་རང་གི་བསྟན་པ་ལ་གནོད་པའི་ལས་བྱེད་མཁན་ཡང་བྱུང་འདུག
༦འཇིག་རྟེན་པའི་ལྷ་རེ་བསྒྲུབས་ནས་གྲུབ་ཐོབ་ཡིན་ཁུལ་ལམ་འཇིག་རྟེན་པའི་ལྷའི་མགོན་སྐྱབས་ལ་བརྟེན་ནས།རྫུ་འཕྲུལ་ཡ་མ་ཟུང་གིས་སངས་རྒྱས་ཡིན་ཤག་གིས་མི་རྣམས་ལ་མགོ་བསྐོར་གཏོང་མཁན་ཡང་ཡོད་འདུག་སྟེ།“ཡང་བླ་མའི་ཆ་བྱད་ཅན།འཇིག་རྟེན་པའི་ལྷ་རེ་ཙམ་བསྒྲུབས་ནས།སངས་རྒྱས་ཡིན་གྲུབ་ཐོབ་ཡིན་ཟེར་ཞིང་།ཆོས་དང་འདྲེས་པའི་རྫུན་གྱིས་མི་མང་པོའི་མགོ་བསྐོར་ཏེ་ཟས་ནོར་སྒྲུབ་པའི་ཟོག་པོ་ཡང་འགའ་རེ་ཡོད”○13ཅེས་པ་བཞིན་འཇིག་རྟེན་པའི་ལྷ་ནི་ཚེ་འདིའི་སྐྱབས་གནས་ཙམ་ལས་གཏན་གྱི་སྐྱབས་གནས་སུ་མི་རུང་ནའང་།དེ་དག་ནི་བསྒྲུབ་སླ་ཞིང་མཐུ་ནུས་པ་ཐོན་མགྱོགས་པ།ད་ལྟ་ཉིད་དུ་མིག་མཐོང་ལག་ཟིན་དུ་འགྱུར་ནུས་པར་བཤད་པས།ད་ལྟ་ཡང་ཀུན་གྱིས་རང་གི་འཕྲལ་གྱི་འདུན་མ་འགྲུབ་སླད་འཇིག་རྟེན་པའི་ལྷ་ལ་མཆོད་པ་ཡིན་ཏེ།སྐབས་དེར་མི་རྣམས་སྡུག་གིས་གཙེས་ཡུན་རིང་ཞིང་རྒྱལ་ཁམས་གཅིག་གྱུར་གྱི་སྲིད་ཁྲིམས་དང་བྲལ་བས།དཔའ་དཔུང་བ་བཙན་པའི་མིས་ཉམ་ཆུང་ནུས་མེད་རྣམས་ལ་བརྙས་ཤིང་འཚེ་བ་དང་།ཡང་ན་བཙན་པོའི་དཔུང་གི་མཐའ་འོག་ནས་ཉམ་ཆུང་རྣམས་ལ་ཐ་ན་ཟས་གོས་འཚོ་བའི་ཐད་དུའང་དཀའ་ངལ་འཕྲད་པས།ཉམ་ཆུང་གི་འབངས་རྣམས་ནི་དེ་ལྟའི་ལྷ་ལ་དད་ཞེན་ཆེ་ཞིང་།དབང་དང་འབྱོར་བས་ཕྱུག་པའི་མི་རྣམས་ཀྱིས་ཀྱང་རང་གི་བདེ་བ་ཡུན་དུ་བརྟན་པའམ་དེ་ལས་ལྷག་པའི་བདེ་སྐྱིད་ཅིག་འཐོབ་པར་བསམ་པས།འཇིག་རྟེན་པའི་ལྷ་དེ་དག་ནི་ཀུན་གྱིས་མཆོད་པ་དང་།ཁྱད་པར་དུ་རྫུ་འཕྲུལ་ཡ་མ་ཟུང་བསྟན་པས་དེ་ལ་དད་ཅིང་བཀུར་མཁན་ཧ་ཅང་མང་པོ་ཡོད་པར་གྱུར།དཔེར་ན།ར་རྫི་སྐར་རྒྱལ་དང་དར་ཡུལ་མངོན་ཤེས་ལྟ་བུ་སྟེ།ཀླུ་སྐར་རྒྱལ་གྱི་བྱིན་རླབས་ཀྱིས་ཅི་ཡང་མི་ཤེས་པའི་ར་རྫི་ཞིག་གིས་ཁ་ནས་མངོན་ཤེས་སྨྲ་ཞིང་མཁའ་ལ་འཕགས་ནས་ཆོས་གསུངས་པ་སོགས་རྫུ་འཕྲུལ་ཡ་མ་ཟུང་བསྟན་པས་སྐྱེ་བོ་མང་པོས་དེ་ལ་བཀུར་ཅིང་སྐྱབས་སུ་སོང་བ་དང་།དར་ཡུལ་མངོན་ཤེས་ཀྱིས་ཇོ་བོ་ཡབ་སྲས་ཡེར་བར་ཆོས་ཟབ་མོ་གསུངས་པ་ལ་གེགས་བྱེད་འདོད་ཀྱིས་ཇོ་བོ་དང་ཁུ་སྟོན་གྱི་སྐྱེ་བ་སྔ་མ་གང་དང་གང་དུ་སྐྱེས་པ་དང་།ཕྱི་མར་གར་སྐྱེས་སོགས་ཀྱང་ཐོགས་མེད་སྨྲས་པ་རེད།
དེས་ན།བས་དེར་བོད་ཡུལ་དབུས་སུ་ཡང་བསྟན་པ་དར་ཡོད་ཀྱང་བོད་རང་གི་ཆོས་པ་དག་གིས་ཟབ་མོའི་ཆོས་ཀྱི་དོན་ཇི་བཞིན་མ་ཤེས་པར་སྒྲོ་འདོགས་སྣ་ཚོགས་དང་བཅས་འཆད་ཅིང་ཉམས་སུ་ལེན་པའམ།རང་གི་རྙེད་པ་བཀུར་བསྟི་དང་མོས་འདུན་ཆེད་ཆོས་ལོག་གསུངས་ཤིང་ཉམས་སུ་ལེན་པའམ།ཁེ་འདོད་གྲགས་འདོད་དང་གྲུབ་མཐའི་ཁ་འཛིན་གྱི་དབང་གིས་ཆོས་པ་ཕན་ཚུན་བར་རྩོད་ཅིང་འཐབ་པའམ།ཡང་ན་རྒྱ་གར་དང་བལ་བོ་སོགས་ནས་འོངས་པའི་ནང་བའི་ཆ་ལུགས་ཅན་གྱི་ཆོས་པར་ཁས་འཆེས་པ་ཅན་དང་།རྒྱ་ནག་ནས་མཆེད་པའི་རྫོགས་ཆེན་པའི་ལྟ་བར་སྒྲོ་བཏགས་པ་དག་གིས་ལོག་པར་བསྟན་པའམ།ཡང་ན་འཇིག་རྟེན་པའི་ལྷ་ལ་བསྟེན་པའི་ཆོས་རྫུས་སོགས་ཏེ།ཆོས་ལོག་སྣ་ཚོགས་སྟོན་ཞིང་ཆོས་སྤྱོད་འཆལ་བར་གྱུར་པའི་དུས་སྐབས་ཤིག་བྱུང་བས།མངའ་རིས་རྒྱལ་པོ་ལྷ་བླ་མ་ཡེ་ཤེས་འོད་སོགས་མངའ་རིས་རྒྱལ་པོ་དག་གི་བདག་རྐྱེན་ལ་བརྟེན་ནས་ལོ་ཙཱ་བ་རིན་ཆེན་བཟང་པོ་སོགས་ཀྱིས་འདུལ་བ་སྟོད་དར་གྱི་རྒྱུན་སྤེལ་ནས་དམ་ཆོས་འཆད་ཉན་དང་།ཁྱད་པར་དུ་སྔར་བསྒྱུར་པའི་ཆོས་ལ་ཞུས་དག་དང་།བསྒྱུར་མེད་པ་མང་པོ་གསར་བསྒྱུར་གྱིས་མདོ་སྔགས་ཀྱི་ཆོས་མང་པོ་བསྒྱུར་ནས་ཆོས་ལོག་སྣ་ཚོགས་སུན་འབྱིན་བྱས་ན་ཡང་ཆོས་ལོག་སྤྱོད་པའམ་ཆོས་ཀྱི་དོན་ཇི་བཞིན་མ་རྟོགས་པར་སྒྲ་ཙམ་འཛིན་པའི་གནས་བབ་ལ་འགྱུར་ལྡོག་ཆེར་བྱ་མ་ཐུབ་པར།སྔར་བཞིན་འགའ་ཞིག་གིས་གསང་སྔགས་སྒྲ་ཇི་བཞིན་པར་རྩིང་ཆོས་སུ་བྱེད་པ་དང་།འགའ་ཞིག་གིས་ཐབས་དང་བྲལ་བའི་སྟོང་བ་ཉིད་གཅིག་པུས་འཚང་རྒྱ་བར་འདོད་པ་དང་།འགའ་ཞིག་གིས་སོ་སོ་ཐར་བའི་སྡོམ་པ་ཙམ་གྱིས་ཆོག་ཤེས་ནས་བྱང་ཆུབ་སེམས་དཔའི་སྤྱོད་པ་ཡལ་བར་དོར་ཞིང་།ཁྱད་པར་ཕ་རོལ་ཏུ་ཕྱིན་པ་ལ་ཉམས་ལེན་བྱེད་མཁན་ཉུང་བ་དང་།ཡང་དགེ་བའི་བཤེས་གཉེན་
འགའ་ཞིག་གིས་སློབ་དཔོན་མཚན་ཉིད་ལྡན་པའི་མཛུབ་སྟོན་མེད་པར་རང་རང་གི་བློས་ཆོས་དོན་ཟབ་མོར་དཔྱད་པ་བཏང་ནས་འཆད་པས་ཕན་ཚུན་ནང་མི་མཐུན་པ་མང་དུ་བྱུང་ནས་རྩོད་དེ།ཐ་ན་ཤམ་ཐབས་ཁོ་ནར་བཟོ་སྟངས་མི་འདྲ་བ་གསུམ་བྱུང་ལ།“ཕལ་མོ་ཆེ་གྲུབ་མཐའི་ཁ་འཛིན་གྱི་བཤད་པ་ཙམ་ལས་ཐུབ་བསྟན་ཡོངས་སུ་རྫོགས་པ་ཉམས་ལེན་དུ་ཁྱེར་ཤེས་པ་ལྟ་ཞོགཕྱོགས་མཐོང་གི་གོ་བ་ཙམ་ཆགས་པའང་དཀོན་པར་གྱུར”○14པ་ཡིན་ཏེ།དེ་ལྟའི་གནས་བབ་ལ་དཔགས་ནས་ལྷ་བླ་མ་བྱང་ཆུབ་འོད་ཀྱིས་པཎ་ཆེན་དུ་བརྫུས་པའི་རྒྱ་གར་གྱི་གསེར་འཚོལ་བར་ཡོང་མཁན་གྱིས་ཆོས་ལོག་སྤེལ་ཚུལ་དང་།མདོ་སྔགས་གཉིས་ཚ་གྲང་ལྟར་སོང་ཚུལ་སོགས་མཐའ་དག་བསྐྱར་བཟློས་ཀྱིས་ཇོ་བོའི་སྙན་དུ་གསོལ་ནས།ངེད་བོད་པ་རྣམས་ལ་ཆོས་ཟབ་མོ་དང་ཡ་མཚན་པ་ཅན་མིན་པར་ལས་རྒྱུ་འབྲས་ལས་བརྩམས་པའི་ཆོས་ཤིག་སྩོལ་རོགས་ཞེས་ཞུས་པ་ཡིན་ཞིང་།ཇོ་བོ་རྗེས་ཀྱང་དེ་ལ་དམིགས་ནས་བོད་དུ་ལས་རྒྱུ་འབྲས་དང་སྐྱབས་འགྲོའི་ཆོས་མང་དུ་གསུངས་ལ།འབྲོམ་སྟོན་པའི་སྐྱེས་རབས་བསྟན་བཅོས་འདིར་ཡང་དེ་དང་མཚུངས་པར་ལས་རྒྱུ་འབྲས་ནི་ལྡོག་ཏུ་མེད་པས་ལས་འབྲས་ཕྲ་ཞིང་ཕྲ་བ་ནས་བརྩི་དགོས་པ་དང་།རྒྱུ་འབྲས་ཕྲ་མོ་ཁྱད་དུ་གསོད་པའི་ལྟ་བ་མཐོན་པོས་སེམས་ཅན་བསླུ་བར་བྱེད་པ།གསང་སྔགས་ཟབ་མོ་སྒྲུབ་པ་ལའང་ཐོག་མར་ཚུལ་ཁྲིམས་ཀྱི་གཞི་བརྟན་པོ་དགོས་པ།ཆོས་པ་ཞིག་ཡིན་ཕྱིན་འཇིག་རྟེན་ཆོས་བརྒྱད་དང་བྲལ་ནས་འཕགས་པའི་ནོར་བདུན་གྱིས་བརྒྱན་ཏེ་སེམས་ཅན་ལ་ཕན་འདོགས་དགོས་པ།སེམས་ཅན་ཐམས་ཅད་རང་གི་ཕ་མར་མ་གྱུར་པ་མེད་པས་དེ་ལ་གང་ནུས་ཅི་ཐུབ་ཀྱིས་ཕན་འདོགས་པ་ལས་གནོད་པ་ཅུང་ཙམ་ཡང་སྐྱེལ་མི་རུང་བ།དཀོན་མཆོག་གསུམ་ནི་སྐྱབས་གནས་བསླུ་བ་མེད་པ་ཡིན་པས་དེ་ལ་བསྟེན་ན་དགོས་འདོད་ལྷུན་འགྲུབ་ཡོང་ཚུལ་སོགས་ཟབ་མོ་ཆོས་ཀྱི་གདམས་པ་མང་པོ་འབྲོམ་སྟོན་པའི་སྐྱེས་རབས་ལ་བརྟེན་ནས་ཞིབ་བརྗོད་བྱས་ཡོད་དེ།ལོག་པར་སྤྱོད་པའི་ཆོས་དང་འཆལ་སྤྱོད་སྣ་ཚོགས་སུན་ཕྱུང་ནས་ཡང་དག་བསྟན་པའི་རྩ་བ་ཚུགས་པར་བྱ་རྒྱུ་ནི་སྐྱེས་རབས་བསྟན་བཅོས་འདི་རྩོམ་པའི་དགོས་པ་གཉིས་པ་རེད་སྙམ།

གསུམ།སིལ་ཐོར་ཡ་བྲལ་གྱི་བོད་ཁམས་ཆེན་མོ་དེ་ཆོས་བརྒྱུད་དར་གྱི་མདུད་ཐག་འོག་གཅིག་གྱུར་ཡོང་བར་བྱ་བ།
    དེ་ཡང་སྐྱེས་རབས་ཀྱི་ལེའུ་བཅུ་དགུ་པ་ལྷའི་རྒྱལ་པོར་སྐྱེ་བ་བཞེས་དུས་ཀྱི་སྐྱེས་རབས་དེར་བོད་ཀྱི་རྒྱལ་རབས་ཀྱི་ལུང་བསྟན་དང་བཅས་པའི་ཚིག་འགའ་བྱུང་བ་ལ་བརྟེན་ནག་ཚོ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བ་དང་རྔོག་ལེགས་པའི་ཤེས་རབ།ཀ་བ་ཤཱཀྱ་དབང་ཕྱུག་སོགས་ཀྱིས“ཇོ་བོ་ཆེན་པོ་ལགས།བོད་དུའང་རྒྱལ་པོ་དུ་མ་ཞིག་བྱུང་བ་ལ་ཕལ་ཆེར་ཡང་།ཆོས་རྒྱལ་དེ་དག་ཀྱང་རྒྱལ་བའི་འབྱུང་གནས་ཀྱི་སྤྲུལ་བ་ཡིན་པར་འདུག་པ་ལ།དེ་རིང་སྣ་རྩེ་ཞིག་རྙེད་པས།ཇོ་བོས།རྒྱལ་རབས་འདི་ཚོའི་ཡིན་ལུགས་ཡིན་ལུགས་ཤིག་བསྟན་པར་ཞུ”○15 ཞེས་མ་གཞིར་ཟབ་ཆོས《ཞུས་ལན་ནོར་ཕྲེང་》གི་གསེད་འགྲེལ་དུ་འབྲོམ་སྟོན་པའི་སྐྱེས་རབས་གསུངས་བཞིན་ཡོད་ནའང་བོད་ཀྱི་རྒྱལ་རབས་ཀྱི་སྣེ་ཞིག་རྙེད་པ་ལས་རབ་ཏུ་བྱུང་ཟིན་པའི་ནག་ཚོ་ལོ་ཙཱ་བ་སོགས་ཇོ་བོའི་བུ་ཆེན་རྣམས་ཀྱིས་ཀྱང་སྐབས་དེར་མཐུད་ནས་ཆོས་རྒྱལ་བཙན་པོ་དེ་དག་གི་ཡིན་ལུགས་ཞིབ་ཏུ་གསུང་རྒྱུའི་རེ་བ་ནན་དྲག་ཏུ་ཞུས་ཚུལ་དང་།སྐྱེས་རབས་ཀྱི་ལེའུ་བཅུ་བ་དགེ་བསྙེན་བཙུན་པར་སྐྱེ་བ་བཞེས་ཚུལ་དུ་སྐྱེས་རབས་མ་གསུངས་སྔོན་ལ་གསུང་གླེང་དང་བཅས་སྤྲུལ་བ་འགྱེད་ཚུལ་གྱི་སྐོར་ཞིག་བསྟན་པའི་སྐབས“རྒྱལ་བ་རྒྱ་མཚོའི་ཞལ་ནས།རྔོག་སྔོན་གྱི་རྒྱལ་བློན་བྱང་ཆུབ་སེམས་དཔའ་དེ་དག་གི་ཞལ་བལྟ་བར་བཞེད་དམ་གསུངས་པས།མགོན་པོ་ཅིས་ཀྱང་སྨོན་ནོ།།…”○16ཞེས་སོགས་རྔོག་ལེགས་ཤེས་ལ་རྒྱལ་བློན་གོང་མ་དེ་དག་གི་ཞལ་མཇལ་འདོད་ཀྱི་འདུན་པ་དྲག་པོ་ཡོད་ཚུལ།ཇོ་བོས་གདམས་པ་བཞིན་འབྲོམ་གྱིས་ཀྱང་བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོ་དང་།ལྷ་ཐོ་ཐོ་རི་གཉན་བཙན།སྲོང་བཙན་སྒམ་པོ།ཁྲི་སྲོང་ལྡེ་བཙན།ཁྲི་གཙུག་ལྡེ་བཙན་རལ་བ་ཅན་སོགས་ཆོས་རྒྱལ་གོང་མ་རྣམས་ཀྱང་ཁོང་རང་གི་སྐྱེ་བ་སྔ་མ་ཡིན་པ་ཞལ་གྱིས་བཞེས་ཤིང་རྔོག་སྟོན་གྱི་མོས་འདོད་ལྟར་སྤྲུལ་བསྒྱུར་གྱིས་སྔོན་གྱི་ཆོས་རྒྱལ་དེ་དག་གི་ཞལ་ཡང་བསྟན་ཚུལ་སྐྱེས་རབས་བསྟན་བཅོས་རང་དུ་གསལ་ཏེ།“འཇིག་རྟེན་བློས་བཏང”གི་རབ་བྱུང་མཁས་བཙུན་དེ་དག་གིས་ཀྱང་སྙིང་ཐག་པ་ནས་མེས་དབོན་རྣམ་གསུམ་སོགས་ཆོས་རྒྱལ་གོང་མ་རྣམས་ཀྱི་གནས་ཚུལ་ཞིབ་ཏུ་ཤེས་འདོད་ཅིང་ཞལ་བལྟ་བར་འདོད་པ་དེ་ལས་དེ་ནི་སྐབས་དེའི་སེར་སྐྱ་ཐུན་མོང་གི་འདོད་བློ་ཡིན་པ་མཚོན་ཞིང་།དེའི་མོས་འདོད་ཤུགས་དྲག་པ་དེ་ལས་སྐབས་དེའི་བོད་འབངས་ཡོངས་ཀྱིས་ཆོས་རྒྱལ་གོང་མ་རྣམས་ཀྱི་བཀའ་དྲིན་རྗེས་སུ་དྲན་ཞིང་གུས་པར་བལྟ་བ་ཁོ་ན་ཙམ་མཚོན་པ་མ་ཡིན་པར།སྐབས་དེའི་སེར་སྐྱ་ཡོངས་ཀྱིས་ཆོས་རྒྱལ་མེས་དབོན་དེ་དག་དང་འདྲ་བའི་ཆོས་རྒྱལ་ཆེན་པོ་ཞིག་གི་བྱམས་སྐྱོང་འོག་དགའ་བདེར་རོལ་འདོད་ཀྱི་མོས་འདོད་ཤུགས་དྲག་པོ་དེ་མཚོན་ཐུབ་མོད།སྐབས་དེའི་བོད་ཀྱི་རྒྱལ་ཁམས་ནི་སིལ་ཐོར་དང་ཆོས་ལུགས་ནི་ལྷད་ཅན་དུ་གྱུར་པས།ས་གནས་བཅད་བཟུང་གི་སྲིད་དབང་སོ་སོས་ཕན་ཚུན་ཟླ་སྒྲིལ་གཏོང་འདོད་ཀྱིས་འཐབ་ཅིང་བརྩད་ནའང་བོད་ཁམས་ཆེན་མོ་བཀའ་ལུང་གཅིག་གིས་དབང་དུ་བསྒྱུར་ཐུབ་པའི་གཅིག་གྱུར་གྱི་སྲིད་དབང་ཞིག་བྱུང་མ་ཐུབ་པའི་ཁར།ས་གནས་སྲིད་དབང་སོ་སོས་ཀྱང་མང་ཚོགས་ཀྱི་ཆོས་དད་འདོད་མོས་ལྟར་མངའ་འབངས་ལས་བློ་རྣོ་བའི་བུ་ཕྲུག་གང་མང་ཆོས་སློབ་ཏུ་གཏོང་བའམ་ཆོས་པ་གྲགས་ཅན་གང་མང་གདན་ཞུ་བྱེད་པ་སོགས་ཆོས་ཀྱི་ཆེད་དུ་བྱ་བ་བྱས་ཏེ་རང་གི་སྲིད་དབང་སྲ་བརྟན་དུ་གཏོང་རོགས་དང་རང་གི་སྙན་གྲགས་ཇེ་མཐོར་གཏོང་རོགས་སུ་རེ་ནའང་།སྲོག་བསྡོས་ཀྱིས་མདོ་སྨད་དང་རྒྱ་གར།བལ་ཡུལ་སོགས་སུ་ཆོས་དང་རིག་གནས་འཚོལ་དུ་ཕེབས་མཁན་དེ་དག་གིས་ཡོན་ཏན་གང་འཚམ་རེ་སྦྱངས་ཏེ་ཕྱིར་རང་ཡུལ་དུ་ཐོན་པ་ན།དུས་ཟིང་གི་རྐྱེན་པས་ཤེས་ཡོན་ཅན་གྱི་ཆོས་པ་དེ་དག་ནི་རིམ་བཞིན་ས་གནས་སོ་སོའི་ཡུལ་མིའི་མགོན་དང་སྐྱབས།གྲོགས་སུ་གྱུར་ཏེ་ས་གནས་དཔོན་པོ་སོ་སོའི་གོང་དུ་འགྲོ་བའི་བླ་མའམ།དཔོན་ཆེན་གྱི་ཡན་དུ་འགྲོ་བའི་བླ་མའི་གོ་བབ་གསར་དུ་ཐོན་ཞིང་།བླ་ཆེན་ནམ་ཤེས་ཡོན་ཅན་གྱི་ཆོས་པ་དེ་དག་སོ་སོས་ཀྱང་གཏུགས་པའི་བླ་མ་མི་འདྲ་ཞིང་ནང་གི་ཉམས་རྟོག་དང་སྤྱོད་པའི་ཚུལ་ལུགས་མི་འདྲ་བ་ལ་སོགས་པའི་དབང་གིས་ཆོས་བརྒྱུད་མི་འདྲ་བ་མང་པོ་ཆགས་དང་ཆགས་བཞིན་པར་སིལ་ཐོར་ཡ་བྲལ་གྱི་བོད་པའི་གནས་བབ་ལ་འགྱུར་ལྡོག་གཏོང་མ་ཐུབ་པ་མ་ཟད།སྔར་ལས་ལྷག་པར་སྲིད་རྩོད་ཀྱི་འགལ་བའི་སྟེང་ཆོས་རྩོད་ཀྱི་འགལ་བ་གསར་དུ་ཐོན་དང་ཐོན་བཞིན་འདུག་པར་མ་ཟད།སྲིད་རྩོད་ཀྱི་འགལ་བ་ལས་ཆོས་རྩོད་ཀྱི་འགལ་བ་དེ་ཤུགས་ཆེར་གྱུར་ནས།མདོ་སྨད་ས་ཆའི་ཙོང་ཁའི་རྒྱལ་པོ་དང་དཔའ་རིས་ལུང་དྲུག་གི་རྒྱལ་པོར་སུང་དང་མི་ཉག་གིས་ཡང་ཡང་གཙེས་ཏེ་བསྣུབས་ནའང་ཉེན་ཁའི་སྐབས་དེར་བོད་ཀྱི་ས་གནས་བཅད་བཟུང་གི་སྲིད་དབང་དང་རྒྱལ་ཕྲན་དེ་གཉིས་ཀྱི་མངའ་ཞབས་སུ་མ་གྱུར་པའི་བོད་འབངས་སུས་ཀྱང་གྲོགས་དན་མ་བྱས་པ་དང་།གུ་གེ་རྒྱལ་པོ་ལྷ་བླ་མ་ཡེ་ཤེས་འོད་ཉིད་སངས་རྒྱས་ཀྱི་བསྟན་པའི་ཆེད་དུ་ཁ་ཆེའི་བཙོན་དུ་ཚུད་པར་ལྷ་བླ་མ་བྱང་ཆུབ་འོད་སོགས་ཀྱིས་མངའ་རིས་གུ་གེ་ཙམ་མ་ཟད།དབུས་གཙང་ཡོངས་སུ་ཤམ་ཐབས་ཀྱི་ཁྲལ་བསྡུས་ཏེ་ལྷ་བླ་མ་ཡེ་ཤེས་འོད་བླུ་བྱེད་ཀྱི་གསེར་བསྒྲུབ་ཐུབ་པ་བྱུང་བ་ལྟ་བུ་དང་།གོང་དུ་ཞུས་ཟིན་པའི་སྔགས་པ་དང་བཙུན་པའི་བར་གྱི་འཐབ་རྩོད་དང་།བཙུན་པ་ནང་ཁུལ་གྱི་འཐབ་རྩོད་ལྟ་བུར་མི་རིགས་གཅིག་པའི་འདུ་ཤེས་ལས་ཆོས་བརྒྱུད་གཅིག་གི་འདུ་ཤེས་དང་ཆོས་ཀྱི་ཆེད་དུ་འཐབ་ཅིང་བརྩད་དེ་ཡོད་ཚད་ཆོས་ཀྱི་ཆེད་དུ་འབུལ་བའི་ལྟ་བ་གསར་བ་དང་ལུགས་སྲོལ་གསར་བ་ཞིག་ཐོན་དང་ཐོན་བཞིན་ཡོད་པ་རེད།
    དེ་བས།དམངས་ཁྲོད་ངག་རྒྱུན་དུ་ཇོ་བོ་རྗེས་ལྷ་བླ་མ་བྱང་ཆུབ་འོད་ཁོའི་སར་སླེབས་ཐེངས་རེར་ཁོང་ཡར་བཞེངས་ཏེ་རྒྱལ་པོའི་མངའ་ཐང་དར་རྒྱས་ཀྱིས་བོད་ཁམས་ཆེན་མོ་འཇམ་དར་གཅིག་གིས་སྐྱོང་བའི“ཆོས་རྒྱལ”ཞིག་འབྱུང་བའི་རྟེན་འབྲེལ་བསྒྲིགས་ནའང་རེ་འདོད་བཞིན་མ་འགྲུབ་པར་བརྟེན།ཇོ་བོ་ཆེན་པོས་འབྲོམ་སྟོན་པ་ཉིད་སྐྱེ་བ་སྔ་མ་རྣམས་སུ་ཡང་བོད་ལ་བཀའ་དྲིན་བླ་ལྷག་ཏུ་ཆེ་བའི་ཆོས་རྒྱལ་དེ་དག་ཏུ་གྱུར་པ་མ་ཟད།རྒྱ་གར་རྒྱ་ནག་བལ་ཡུལ་དང་བཅས་པའི་ས་རུ་ཡང་སྐྱེ་བ་གྲངས་མེད་པའི་སྔ་རོལ་ནས་པཎ་ཆེན་ཁོང་དང་འབྲེལ་མེད་ཀྱིས་རྒྱལ་བློན་པཎ་ཆེན་བྲམ་ཟེ་སོགས་པ་གང་ལ་གང་འདུལ་དུ་འཁྲུངས་ཤིང་།ཁྱད་པར་དུ་བོད་ཀྱི་ལྷ་སྐལ་ཕྱག་ན་པདྨ་དངོས་ཡིན་པར་གསུངས་ལ།འབྲོམ་གྱིས་ཀྱང་མེས་དབོན་རྣམ་གསུམ་སོགས་ཆོས་རྒྱལ་གོང་མ་རྣམས་རང་གི་སྐྱེ་བརྒྱུད་དུ་ཞལ་གྱིས་བཞེས་ནས།གཅིག་གྱུར་གྱི་སྲིད་དབང་ཆེན་མོའི་དབང་འོག་ཏུ་འདུས་པར་མ་གྱུར་པའི་བོད་པ་རྣམས་སྤྱིར་ཇོ་འབྲོམ་ཡབ་སྲས་དང་ནང་སྒོས་སུ་ལྷ་གཅིག་ཕྱག་ན་པདྨ་འབྲོམ་སྟོན་རྒྱལ་བའི་འབྱུང་གནས་དང་ཁོང་གི་ཆོས་བརྒྱུད་དར་གྱི་ཐག་མདུད་འོག་གཅིག་གྱུར་ཡོང་བར་རེ་བ་བཅངས་པ་ཡིན་ཏེ།དངོས་དོན་དུ་ཡང་ཕྱིས་ས་དགེ་བཀའ་རྙིང་སོགས་ཆོས་བརྒྱུད་གྲུབ་མཐའ་གང་མང་དར་ནས་མཚམས་རེར་ཕན་ཚུན་བར་རྩོད་པ་ཤོར་ནའང་སྐྱེས་རབས་ལུང་བསྟན་དང་བཅས་པར་བསྟན་པ་བཞིན་འབྲོམ་སྟོན་རྒྱལ་བའི་འབྱུང་གནས་ཀྱི་སྤྲུལ་བ་ཡང་སྤྲུལ་དུ་གྲགས་པའི་རིས་མེད་ཀྱི་བླ་ཆེན་པཎ་ཆེན་གང་མང་གི་བཀའ་དྲིན་ལ་བརྟེན་ནས་གྲུབ་མཐའ་སྣ་ཚོགས་སུ་ངེས་ནའང་།ཆོས་བརྒྱུད་དར་གྱི་མདུད་ཐག་འོག་ལོ་ངོ་བརྒྱ་ཕྲག་མང་པོར་ཁ་ཐོར་སིལ་བུར་གནས་པའི་བོད་པ་རྣམས་སིལ་བུར་མ་གྱུར་པར་གོང་བུ་གཅིག་ཏུ་དྲིལ་བ་ཡིན་པས།སིལ་ཐོར་ཡ་བྲལ་གྱི་བོད་ཁམས་ཆེན་མོ་དེ་ཆོས་བརྒྱུད་དར་གྱི་མདུད་ཐག་འོག་གཅིག་གྱུར་ཡོང་བར་བྱ་བ་ནི་སྐྱེས་རབས་བསྟན་བཅོས་འདི་རྩོམ་པའི་དགོས་པ་གསུམ་པ་རེད་སྙམ།
བཞི།ཡང་དག་བསྟན་པའི་བདག་པོ་འབྲོམ་ལ་བབས་པར་སྟོན་པ།
    དེ་ཡང་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ནི་བླ་མ་སེ་བཙུན་བྱང་ཆུབ་གཞོན་ནུའི་སར“ལོ་བཅུ་དགུ་བཞུགས་ནས།མངོན་པ་དང་གསང་སྔགས་རྙིང་མ་མང་པོ་གསན”○17པ་ཡིན་ཞིང་།སློབ་གཉེར་གྱི་སྐབས་དེ་དག་ཏུ་བླ་མའི“ནང་གི་ཞབས་ཏོག་ཕྱེ་འཐག་པ་ཡན་ཆོད་དང་ཕྱི་རོལ་དུ་རྟ་ཕྱུགས་མང་པོ་ཡོད་པས་ཉིན་པར་དེ་རྣམས་ཀྱི་རྫི་བོ་མཛད།ནུབ་མོ་རྟ་བཟང་ལ་ཞོན་འཁོར་གསུམ་ཚེར་མ་འདྲ་བ་བྱས་ཏེ་མེལ་ཚེ་བགྱིས།…ཕྱེ་བཏགས་པས་ཕྱག་མཐིལ་གླང་མཇིང་ལྟར་སོང་”○18བ་ཡིན་ཏེ།བླ་མ་ལ་མོས་པས་རྟག་ཏུ་ངུ་དང་རྐང་བཏང་མ་བཏང་གི་ཁྱད་པར་ལས་མེད་ཅིང་།ཕྱིས་ཇོ་བོ་ཆེན་པོ་བླ་མར་བསྟེན་ནས་གངས་ཅན་བསྟན་པའི་རྩ་ལག་ཏུ་གྱུར་དུས་ཀྱང་བླ་མའི་ཞབས་ཏོག་བསྒྲུབ་ཕྱིར་ཞང་འཕྲང་ཁ་བེར་ཆུང་སོགས་ཀྱིས་མཆོད་གནས་སུ་ཞུས་པ་དང་དུ་མ་བླངས་ལ།ཁོང“གསེར་སློང་ལ་བྱོན་དུས་ཀྱི་ཟླ་བ་གཅིག་དང་།ཁུ་སྟོན་གྱིས་སྤྱན་དྲངས་པའི་ཟླ་བ་གཅིག་སྟེ།ཟླ་བ་གཉིས་མ་གཏོགས་པ་དང་པོར་མཇལ་ནས་ཞི་བར་མ་གཤེགས་ཀྱི་བར་སྐད་ཅིག་ཀྱང་འབྲལ་མ་མྱོང་”○19བར་བླ་མའི་ཞབས་ཏོག་ལ་བརྩོན་ཞིང་།ཐོག་མར་མངའ་རིས་པུ་རངས་ཀྱི་རྒྱ་ཞིང་བྱ་བའི་སར་ཞལ་མཇལ་བ་ནས་ཁོང་སྐུ་མ་གཤེགས་ཀྱི་བར་ཇོ་བོ་ལ་དཀར་མེ་མཚན་ཐུབ་རྒྱུན་མ་ཆད་པར་ཕུལ་ཏེ།འབྲོམ་སྟོན་པས་རང་ལ་ཡོན་ཏན་དཔག་མེད་མངའ་ན་ཡང་དེ་ལྟར་དེ་དག་ཐམས་ཅད་བླ་མའི་བཀའ་དྲིན་གྱིས་བྱུང་བར་བསམ་ནས་བླ་མའི་ཞབས་ཏོག་ལ་བརྩོན་པས།གཅིག་ནས་བླ་མའི་ཐུགས་རྗེས་ཟིན་ཏེ་རང་གི་ཡོན་ཏན་གོང་འཕེལ་དུ་སོང་ཞིང་ཕྱིས་གངས་ཅན་བསྟན་པའི་མངའ་བདག་ཏུ་གྱུར་པའི་རྒྱུ་གྲུབ་པ་དང་།གཉིས་ནས་དེ་ལྟར་བླ་མར་སྲི་ཞུ་བསྒྲུབས་པས་གཞན་ཀུན་གྱིས་ཀྱང་བླ་མའམ་མཁས་པར་གུས་བཀུར་བྱ་བར་ཁ་དྲངས་པ་ཡིན་ཏེ།བོད་གངས་ཅན་དུ་བླ་མའམ་མཁས་པར་ཡི་རང་གོང་བཀུར་བྱ་བའི་ལུགས་སྲོལ་ཆེ་ཆེར་དར་བར་མཛད་པ་ཡིན།
    གཞན་ཡང་ཁོང་རང་ཉིད་རྟེན་དགེ་བསྙེན་ཡིན་ཡང་ཚུལ་ཁྲིམས་བསྲུང་བ་ལ་དགེ་འདུན་ལས་ཀྱང་ལྷག་པར་འདུག་ནའང་།“ང་དགེ་བསྙེན་སྐད་དུ་ཚུལ་ཁྲིམས་ལྡན་པ་རྣམས་སྤྱི་བོར་མཆོད།ཐ་ན་ན་བཟའི་རས་མ་ཡན་ཆོད་བླངས་ནས་སྤྱི་བོར་འཇོགབཙུན་ཆུང་ཆུང་ཆུང་ཅིག་བྱུང་ཀྱང་ཁྱེད་དགེ་འདུན་ཡར་འབྱོན་པར་ཞུ།ཟེར་ནས་ཁོང་རང་དགེ་འདུན་གྱི་ཁྱུ་ནས་བུད་པ་སྐད་ཟེར”○20ཏེ།ཁོང་གི་མཛད་སྤྱོད་དེ་ལས་གཅིག་ནས་སྐབས་དེའི་མི་རྣམས་ཀྱིས་ཆོས་བྱེད་དགེ་འདུན་ལ་གུས་བཀུར་མཐོང་ཆེན་བྱེད་པར་ནུས་པ་མི་དམན་པ་ཐོན་ངེས་ཤིང་།གཉིས་ནས་ཁོང་རང་དེ་ལྟར་རྟེན་དགེ་བསྙེན་ཡིན་པས་སྐབས་དེའི་མི་ཀུན་གྱིས“འབྲོམ་སྟོན་པའང་དགེ་བསྙེན་ཡིན།དགེ་བསྙེན་འདི་བསྲུང་བདེ་ཞིང་ཕན་ཡོན་ཆེ”ཟེར་ནས་རང་སོ་སོའི་རྒྱུད་དང་འཚམ་པའི་བསྙེན་གནས་ཀྱི་སྡོམ་པ་གང་རུང་བླངས་ཏེ་དམ་པའི་ཆོས་ལ་འཇུག་པར་ངེས།གསུམ་ནས་ཁོང་རྟེན་དགེ་བསྙེན་ལ་དོན་དུ་དགེ་ཚུལ་སློང་ལས་ཀྱང་ལྷག་པའི་ཚུལ་ཁྲིམས་བསྲུངས་པས་སྐབས་དེར་འཆལ་སྤྱོད་སྣ་ཚོགས་སྟོན་པའི་ཆོས་པ་དག་ལ་ཟུར་ཟ་དང་དཔེ་སྟོན་མཛད་པས།འདུལ་ཁྲིམས་རྣམ་དག་སྤེལ་བ་ལའང་ནུས་པ་བླ་ལྷག་ཐོན་ནས་སྐྱ་སེར་ཀུན་གྱིས་ཁོང་ལ་ཕ་སྟོན་པ་ཞེས་འབོད་ཅིང་ཇོ་བོ་ཡབ་སྲས་ཞེས་གུས་མཚན་ཞུས་ཚེ་ཡང་སྲས་ཀྱི་གཏོད་ས་དེ་འབྲོམ་ཉིད་ཡིན་པ་རེད།
འོན་ཀྱང་ཇོ་བོ་ཆེན་པོ་ཨ་ཏི་ཤ་ནི་ནང་བའི་མདོ་སྔགས་ཀྱི་གཞུང་ཐམས་ཅད་ལ་བྱང་ཆུབ་ཅིང་ལག་ཏུ་ལེན་མཁས་པས་པཎ་ཆེན་ནཱ་རོ་པས་རྒྱལ་བའི་བསྟན་པ་ཁོང་ལ་གཏད་པ་ཡིན་ཞིང་།ཕྱི་ནང་རིག་གནས་ཙམ་མ་ཟད་རིག་པའི་གནས་བཅུའམ་བཅོ་བརྒྱད་ལ་ཡོངས་སུ་མཁས་པས་རྗེས་འཇུག་གི་སློབ་མ་གྲངས་མེད་ཅིང་།བོད་དུ་བྱོན་ནས་ཀྱང་སངས་རྒྱས་ཀྱི་མཛད་པས་བོད་དུ་ཡང་དག་དམ་པའི་ཆོས་དང་།ལྷག་པར་དུ་ཐེག་པ་ཆེན་པོའི་ཆོས་ཉི་མ་ལྟར་གསལ་བར་མཛད་པས།ཐམས་ཅད་ཀྱིས་ཇོ་བོ་རྗེ་ཞེས་གུས་མཚན་ཞུ་ཞིང་ངེས་པ་དོན་གྱི་གངས་ཅན་བསྟན་པའི་བདག་པོར་གྱུར་ནས་སློབ་མའང་བོད་ཡུལ་སྟོད་སྨད་བར་གསུམ་དུ་གཅིག་ལས་གཅིག་བཟང་བར་གྲགས་ཆེ་བ་མང་དུ་བྱུང་བ་དང་།འབྲོམ་སྟོན་དམན་པར་བལྟ་བའམ་ཁོང་དང་མཉམ་པར་བལྟ་མཁན་ཡང་སློབ་མའི་ཚོགས་སུ་དུ་མ་བྱུང་བ་ཡིན་ཞིང་།དོན་དུའང་རང་སོ་སོར་ཆེ་བའི་ཡོན་ཏན་མང་དུ་ཡོད་པ་ལ།“ཁེ་དང་རྒྱལ་ཁ་ཐམས་ཅད་གཞན་ལ་སྟེར།གྱོད་དང་བུབ་ཁ་ཐམས་ཅད་ཁོང་རང་གིས་ལེན།གཞན་གྱི་ཡོན་ཏན་ཅི་ཡོད་པ་ལ་ཟུར་སྒྲོན་ཅིང་བསྟོད།རང་གི་ཡོན་ཏན་སྦས་པས་མ་ཆོག་པར་ཇོ་བོས་གསུངས་པ་ཚུན་ཆོད་ལ་དེ་འདྲ་མི་གསུང་བ་ཞུ་གཅིག་པུ་རང་གསུངས”○21པའི་འབྲོམ་གྱི་བླ་ན་མེད་པའི་གཤིས་སྤྱོད་དེའི་སྟེང་ཇོ་བོས་ཁོང་གི་སྐྱེས་རབས་གསུངས་པ་ལ་བརྟེན་ནས་ཀུན་གྱིས་ཁོང་ལ་མཆོག་ཏུ་བལྟ་བ་ཡིན་ཏེ།བསྟན་པའི་མངའ་བདག་ཨ་ཏི་ཤ་ཆེན་པོས《བྱང་སེམས་ནོར་ཕྲེང་》གི་འགྲེལ་བའི་ཚུལ་དུ་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ཀྱི་སྐྱེས་རབས་གསུངས་ནས་འབྲོམ་སྟོན་པས་སྐྱེས་རབས་མང་པོར་དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་ཚུལ་དང་།ལས་རྒྱུ་འབྲས་ཕྲ་ཞིང་ཕྲ་བ་ནས་བརྩིས་ཚུལ།འཆི་བ་མི་རྟག་པ་ཉམས་སུ་བླངས་ཚུལ།འཁོར་བའི་ཉེས་དམིགས་སྒོམ་ཚུལ་སོགས་ལས་འཕྲོས་ཏེ་དམ་པའི་ཆོས་ལ་ཇི་ལྟར་སློབ་ལུགས་བསྟན་པ་དང་།དེ་ལྟའི་དུས་ཀྱི་མིའམ་སྲོག་ཆགས་དེ་དང་དེ་ནི་ད་ལྟའི་དུས་ཀྱི་མི་འདི་དང་འདིའོ་ཞེས་དེ་ལྟར་སྐྱབས་སུ་སོང་ན་ལས་འབྲས་དང་མཆོག་གསུམ་ལ་བསླུ་བ་མེད་ལུགས་དཔེ་ཡིས་བསྟན་པར་མ་ཟད།འབྲོམ་སྟོན་ནི་སྐྱེ་པ་ད་ཐེངས་ཙམ་མ་ཡིན་པར་སྐྱེས་རབས་རེ་རེ་བཞིན་ཚུལ་ཁྲིམས་རྣམ་པར་དག་པའི་གཞི་ལ་སྤངས་རྟོགས་ཀྱི་ཡོན་ཏན་མཐར་ཕྱིན་ཀྱང་།རྟག་ཏུ་དམན་ཆ་བླངས་ནས་དམ་པ་བཀུར་ཞིང་རིགས་དྲུག་གིས་བསྡུས་པའི་སེམས་ཅན་ཀུན་གྱི་མགོན་དང་དཔུང་གཉེན་གཅིག་པུར་གྱུར་བ་དང་།སྐྱེས་རབས་ཀྱི་ཕྲེང་བ་རེ་རེར་ཇོ་བོ་ཆེན་པོ་ཁོང་གིས་རྗེས་སུ་བཟུང་ཞིང་།ཐུགས་ཟིན་གྱི་སྲས་གཅིག་པུར་གྱུར་ནས་མ་འོངས་གངས་རིའི་ལྗོངས་སུ་ཡབ་སྲས་ལྷན་འཛོམས་ཀྱིས་ལྷ་ཆོས་བདུན་ལྡན་གྱི་དམ་ཆོས་གཙང་མ་སྤེལ་བར་ཡང་དང་ཡང་དུ་ལུང་བསྟན་ཡོད་པར་བརྗོད་པ་དང་།གཞན་ཡང་ཁུ་སྟོན་དང་།རྔོག་སྟོན།ནག་ཚོ་ལོ་ཙཱ་བ།ཀ་བ་ཤཱཀྱ་དབང་ཕྱུགརྣལ་འབྱོར་བ་ཨ་མེས་བྱང་ཆུབ་སོགས་ལ་སྐྱེས་པའི་རབས་མང་པོར་དྲིན་ཆེ་བར་བརྗོད་ཅིང་།སྐྱེས་རབས་མང་པོ་གསུངས་པའི་བར་མཚམས་གང་རུང་དུ་འབྲོམ་ལ་བལྟས་ཏེ་མགོན་པོ་སྤྱན་རས་གཟིགས་ལ་གསོལ་བ་འདེབས་ཞེས་གསུངས་པས།གཅིག་ནས་སྐབས་དེའི་ཇོ་བོའི་བུ་ཆེན་མི་ཆེན་ཀུན་གྱི་ཁེངས་བ་བསྙིལ་ནས་བསྟན་པའི་བདག་པོ་འབྲོམ་ལ་བབས་པར་བསྟན་ཏེ།ཇོ་བོས་དེ་ལྟར་གསུངས་པ་ལ་བརྟེན་ནས་ལྷ་ཁང་ལ་གསེར་ཏོག་གི་ཚུལ་དུ་འབྲོམ་སྟོན་ནི་རང་བཞིན་པའི་དགེ་བསྙེན་ཞིག་མ་ཡིན་པར་བསྟན་པའི་མངའ་བདག་ཁོང་གི་བསྟན་པའི་ཁུར་ཆེན་གཏོད་སའི་ནང་ཐུགས་ཀྱི་སྲས་བུ་གཅིག་པུ་ཡིན་པ་དང་།གངས་ཅན་ལྷ་སྐལ་ཕྱག་ན་པདྨ་དངོས་ཡིན་པར་བསྟན་པས།ཇོ་བོའི་བུ་ཆེན་རྔོག་དང་ནག་ཚོ་ལོ་ཙཱ་བ།ཀ་བ་ཤཱཀྱ་དབང་ཕྱུག་གསུམ་གྱིས་ཀྱང་འབྲོམ་སྟོན་ཉིད་སྤྱན་རས་གཟིགས་རྒྱལ་བ་རྒྱ་མཚོ་སུ་མཐོང་ནས་འབྲོམ་གྱིས་སྤྲུལ་བ་འདི་དང་འདི་མཛད་མང་པོ་ཞུས་པ་དང་།ཤཱཀྱ་མགོན་སོགས་ཡེར་བ་དང་འབྲོམ་ཆུ་རིས་ཀྱི་ཡོན་བདག་རྣམས་ནི་སྔར་ནས་འབྲོམ་སྟོན་ལ་དད་ཅིང་ཡོད་པར།དེའི་ཚེ་འབྲོམ་སྟོན་ལ་ཇོ་བོ་དང་མཉམ་པའམ་ཇོ་བོ་ལས་ཀྱང་ལྷག་པའི་དད་པ་འཁྲུངས་ནས་སྐྱེ་བོ་དག་གི་ངག་ལ་གཅིག་ནས་གཅིག་ཏུ་བརྒྱུད་དེ་ཀུན་གྱིས་གངས་ཅན་མགོན་པོ་སྤྱན་རས་གཟིགས་སུ་ངོས་བཟུང་བ་ཡིན་ལ།ཡོན་བདག་ཤཱཀྱ་མགོན་གྱིས་འབྲོམ་གྱི་སྙན་པ་ལེགས་པར་བསྒྲགས་པ་ལ་བརྟེན་ནས་སྐྱེ་བ་མང་པོར་འབྲོམ་ལ་འགྲན་ཞིང་སྡང་བའི་ཁུ་སྟོན་ཆེན་པོའང་བློ་སྣ་འགྱུར་ཏེ།རྟ་མཆོག་གྱི་ལིང་བྱེ་ནག་བསྐྱུར་ཅིང་གྲྭ་བ་ལྔ་བརྒྱ་ཡང་བཞག་ནས་བོང་རྒན་ལ་ཁལ་དང་།འབྲོམ་གྱི་སྐུ་ཚ་བཙུན་ཆུང་ཞིག་ཡོད་པ་དེར་གཡོག་བཅོལ་ཏེ་རང་གི་གདན་ས་སོལ་ནག་ཐང་པོ་ཆེ་ནས་ཡེར་བར་ཞབས་ཐང་དུ་འབྲོམ་སྟོན་གྱི་ཞབས་ལ་བཏུད་ཅིང་།ཇོ་བོས་ཁུ་སྟོན་གྱིས་ཞུས་པ་བཞིན་ང་རྒྱལ་གཅོག་དགོས་ངེས་དང་བྱས་པ་དྲིན་གཟོ་ཤེས་དགོས་ངེས་ཀྱི་ཐེམ་སྐས་བཅུ་གསུམ་གྱི་གཏམ་རྒྱུད་དང་བཅས་པའི་འབྲོམ་གྱི་སྐྱེས་རབས་གཉིས་ཁོང་ལ་གསུངས་པས།ཁུ་སྟོན་ཆེན་པོ་འབྲོམ་ལ་དད་པ་ཆེ་ཆེར་འཕེལ་བ་དང་།ཕྱིས་སུ་ཡང་རྔོག་གིས《ཞུས་ལན་ནོར་ཕྲེང་》གི་རྩ་འགྲེལ་ལསའཕྲོས་ཏེ་གསུང་གླེང་བྱས་པས་ཁུ་སྟོན་འཁོར་དང་བཅས་པས་ཀྱང་འབྲོམ་སྟོན་བླ་མར་གོ་བ་ཡིན།གཉིས་ནས་ཇོ་བོས་དེ་ལྟར་འབྲོམ་གྱི་སྐྱེས་རབས་གསུངས་བས།སྐྱེ་བ་ནས་སྐྱེ་བའི་བར་དུ་འབྲོམ་གྱི་བླ་མར་གྱུར་པའི་ཇོ་བོ་དམ་པ་ཁོང་གི་ཡོན་ཏན་ཤུགས་ཀྱིས་བསྟན་ནས་ཁོང་ཡབ་སྲས་ཀྱིས་སྤེལ་བའི་བསྟན་པ་ནི་རྣམ་དག་དྲི་མ་མེད་པར་བསྟན་ཏེ།དེས་ན་མི་ཆེན་མང་པོའི་ཁེངས་པ་བསྙིལ་ནས་བསྟན་པའི་བདག་པོ་འབྲོམ་ལ་གཏོད་པ་དང་།རང་གི་བསྟན་པ་འཁྲུལ་བྲལ་རྣམ་དག་ཏུ་བསྒྲུབས་ནས་ཡང་དག་བསྟན་པའི་བདག་པོ་འབྲོམ་ལ་བབས་པར་སྟོན་པ་ནི་སྐྱེས་རབས་བསྟན་བཅོས་འདི་རྩོམ་པའི་དགོས་པ་བཞི་བ་རེད་སྙམ།།།།
 
 
  • ལེ་ཚན་སྔོན་མ།:སྙན་ངག་མེ་ལོང་མའི་སྡོམ་ཚིག་མཁས་པའི་སྙིང་ནོར་བློ་གསལ་མགྲིན་པའི་རྒྱན་གཅིག་མུཀྟི་ཀའི་ཕྲེང་བ།
  • ལེ་ཚན་རྗེས་མ།:སྒྲུང་ལྡེའུ་བོན་གསུམ་གྱིས་ཆབ་སྲིད་ཇི་ལྟར་བསྐྱངས་ཚུལ་ལ་གསར་དུ་དཔྱད་པ།
  • དོ་སྣང་ཆེ་བའི་རྩོམ།